པར་བཤུ།
སྡེ་ཚན། བྱུང་རིམ།
ཀློག་གྲངས། 689

༄༅།། ཡོངས་ཀྱི་དགེ་བའི་བཤེས་གཉེན་སེར་ལྷོ་རྒྱུད་སྟོད་དགེ་བཤེས་མཁས་གྲུབ་ནོར་བཟང་མཆོག་གིས་གདན་ས་ཆེན་པོར་འཕགས་བོད་ཀྱི་གཞུང་ཆེད་བཀའ་པོད་ལྔར་གསན་བསམ་མཐར་ཕྱིན་གནང་སྟེ་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཤིང་། གསང་སྔགས་རིག་འཛིན་གྱི་སྡེ་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་གསང་ཆེན་རྒྱུད་སྡེ་རྒྱ་མཚོར་གསན་བསམ་མཐར་ཕྱིན་པར་མཛད་རྗེས་སྟོད་རྒྱུད་གྲྭ་ཚང་དུ་ལོ་ལྟར་གདན་ས་གྲྭ་ཚང་ཁག་ནས་ཕེབས་པའི་ཆོས་ཐོག་དགེ་བཤེས་དང་། གྲྭ་ཚང་གི་དགེ་བཤེས་སྔགས་རམས་པ་དང་བསྐྱེད་རིམ་པ། དགེ་བཤེས་མ་རྣམས་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་སྔགས་ཀྱི་ལེགས་བཤད་རྨད་དུ་བྱུང་བ་སྔགས་རིམ་ཆེན་མོ་དང་།

རྫོགས་རིམ་རིམ་ལྔ་གསལ་སྒྲོན། རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་གསུང་རྒྱུད་ཊཱིཀ་རིམ་གཉིས་གཏེར་མཛོད་སོགས་ཀྱིས་གཙོས་པའི་སྔགས་ཀྱི་གཞུང་ཆེན་ཁག་གི་འཆད་འཁྲིད་རྒྱ་ཆེར་གནང་སྟེ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པར་མཛད་རྗེས་རླབས་ཆེན་བཞག་པའི་རྗེས་དྲན་དུ་འདི་གའི་གྲྭ་ཚང་ནས་རྡོ་རྗེ་འཛིན་པའི་ཆེད་བསྟོད་གཟེངས་རྟགས་ཕུལ། དེ་བཞིན་བྱ་བྲལ་བ་དང་དོན་གཉེར་ཅན་སོགས་ལ་ལམ་རིམ་བློ་སྦྱོང་དང་། བསྐྱེད་རྫོགས་སོགས་ཀྱི་ཟབ་ཁྲིད་དང་། དབང་ལུང་མན་ངག་བཀའ་ཁྲིད་སོགས་མདོ་སྔགས་ཀྱི་ཆོས་བཀའ་གང་འོས་གནང་བཞིན་པ་དང་། ཕྱི་ལོ་ ༢༠༡༢ ལོ་ནས་དཔེ་མཛོད་ཀྱི་སྤྱི་ཁྱབ་ཞུ་ཆེན་པའི་ཐུགས་འགན་གཙང་བཞེས་གནང་སྟེ། ཐོག་མར་མདོ་སྔགས་ཀྱི་གཞུང་ཆེན་གང་དང་གང་ཞིག་དཔར་སྐྲུན་ཞུ་དགོས་མིན་ཐད་ལ་གཟིགས་ཞིབ་ཀྱིས་སྐབས་དུས་སོ་སོར་བླང་དོར་ལམ་སྟོན་དང་། བར་དུ་དཔེ་དེབ་ཞུ་སྒྲིག་གི་སྐབས་སུ་གཞུང་གི་ཚིག་དོན་གང་ཅིའི་དཀའ་གནད་ཁག་ལ་དོགས་སེལ་དང་དག་བཅོས་གནང་སྟེ་མཐའ་མའི་ཞུ་དག་མཛད་ཅིང་།  མཇུག་ཏུ་གཞུང་གི་དོན་བསྡུས་དང་གཞུང་དོན་གལ་ཆེའི་སྐོར་གྱི་སྔོན་གླེང་དང་། དཔར་བྱང་སྨོན་ཚིག་བཅས་གསར་རྩོམ་མཛད་པ་སོགས་ལ་བརྟེན་དཔེ་མཛོད་ཀྱི་མཚན་མཐོང་དང་གཟི་བརྗིད་ལ་ཕན་འབྲས་རླབས་ཆེན་བྱུང་དང་འབྱུང་བཞིན་ཡོད།