པར་བཤུ།
སྡེ་ཚན། ཆོས་འབྱུང་།
ཀློག་གྲངས། 759

༄༅།། རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ནས་རྒྱལ་བ་ཙོང་ཁ་པའི་བར་གསང་འདུས་རྩ་བཤད་ཀྱི་བརྒྱུད་རིམ་བྱུང་ཚུལ།
དེ་ཡང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གསང་འདུས་བླ་བརྒྱུད་གསོལ་འདེབས་དངོས་གྲུབ་གཏེར་ཆེན་ལས། རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས།། ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཅིང་།། དམིགས་མེད་ཐུགས་རྗེས་ཞི་བའི་མཐའ་སྤངས་པ།། རྒྱལ་བ་ཡན་ལག་བདུན་ལྡན་ལ་ཕྱག་འཚལ།། ཞེས་འབྱུང་བ་ལྟར། མཁས་པ་ངག་དབང་གྲགས་པས་མཛད་པའི་ཡན་ལག་བདུན་གྱི་རྩ་བ་ལས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད།། སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད།། ཡན་ལག་བདུན་བཤད་དོན་དང་ལྡན་པ་བསྒྲུབ་བྱ་འདིར།། བདག་འདོད་ཚད་མས་ཡོངས་བསྒོམས་བློ་ཅན་གྱིས་ཀྱང་བསྔགས།། ཞེས་པ་ལྟར། ཐེག་པ་ཆེན་པོའི་ཆོས་མ་ལུས་པ་ལས་ལོངས་སྤྱོད་པར་རྫོགས་པས་ན་ལོངས་སྤྱོད་རྫོགས་པ་མཚན་དཔེས་སྤྲས་པའི་སྐུ་སྟེ་ཡན་ལག་དང་པོ་ལོངས་སྤྱོད་རྫོགས་པ་དང་། དེ་ལྟ་བུའི་ལོངས་སྐུ་ཙམ་ཞིག་ནི་ཕར་ཕྱིན་ཐེག་པ་ལས་ཀྱང་གསུངས་པས་དེ་ལས་ཁྱད་པར་དུ་བྱ་བ་དང་། ཟག་མེད་ཀྱི་བདེ་བས་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་དགའ་བའི་ངོ་བོ་ཙམ་གྱིས་སེམས་ཅན་གྱི་དོན་ཐམས་ཅད་འགྲུབ་པ་དང་། འདོད་ཁམས་ཀྱི་སེམས་ཅན་འདོད་ཡོན་ལ་ལྷག་པར་ཆགས་པས་སྤྱོད་པ་རྣམས་རྗེས་སུ་གཟུང་བའི་ཕྱིར་དུ་ལོངས་སྐུ་དེ་ཉིད་དང་མཚུངས་པའི་ལྷ་མོ་དང་སྙོམས་པར་འཇུག་པ་སྟེ་ཡན་ལག་གཉིས་པ་ཁ་སྦྱོར་བ་དང་། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་པ་དང་བུད་མེད་ཁ་སྦྱོར་བ་ལས་བདེ་བ་ཆེན་པོར་མི་འགྱུར་ལ། འདིར་ཤིན་ཏུ་རྒྱ་ཆེ་བ་དང་། ཟག་པ་མེད་པ་དང་། གྱ་ནོམ་པ་བཅས་ཀྱིས་ཕྱག་རྒྱ་དངོས་དང་སྦྱོར་བས་བདེ་ཆེན་ཞེས་སྨོས་ཤིང་། དེ་ནི་དུས་འཁོར་བ་ཇི་སྲིད་བར་གནས་པ་སྟེ་ཡན་ལག་གསུམ་པ་བདེ་ཆེན་དང་། དེ་ལྟ་བུའི་སངས་རྒྱས་ཀྱང་རང་བཞིན་མེད་པའི་ཁྱད་པར་དུ་བྱས་ནས་བསྒྲུབ་པར་བྱ་བ་ཡིན་གྱི། དེ་ལས་ལྡོག་སྟེ་བདེན་པར་བཟུང་ནས་བསྒྲུབ་པར་བྱ་བ་མ་ཡིན་པ་སྟེ་ཡན་ལག་བཞི་པ་རང་བཞིན་མེད་པ་དང་། ཇི་ལྟར་ལུས་ཀྱི་རྣམ་པ་མེད་ན་སེམས་ཅན་གྱི་དོན་སྒྲུབ་པར་མེད་པ་བཞིན་དུ། སྙིང་རྗེ་ཆེན་པོ་མེད་པར་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་མི་འགྲུབ་པས་སྙིང་རྗེས་དེ་གང་ཞེས་སྨོས་ཏེ་དམིགས་པ་མེད་པའི་སྙིང་རྗེས་ཡོངས་སུ་གང་བ་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་ལྟར་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་སྟེ་ཡན་ལག་ལྔ་པ་སྙིང་རྗེས་ཡོངས་སུ་གང་བ་དང་། ཇི་སྐད་བཤད་པའི་ཡོན་ཏན་རྣམས་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་དེ་སྲིད་པ་དང་ཞི་བའི་མཐའ་ལ་མི་གནས་པ་ཡིན་པས་རྒྱུད་མི་འཆད་པ་ཡིན་གྱི། སྤྲུལ་སྐུ་ལྟར་གདུལ་བྱའི་དབང་ལས་སྐབས་འགར་འཇུག་པ་དང་། ལྡོག་པའི་མཚན་ཉིད་ཅན་མ་ཡིན་པ་སྟེ་ཡན་ལག་དྲུག་པ་རྒྱུན་མི་འཆད་པ་དང་། དེ་འདྲ་བའི་ལོངས་སྐུ་དེ་དུས་ཅུང་ཞིག་བཞུགས་ནས་རྣམ་པར་འཆད་པར་མིན་གྱི། འཁོར་བ་ཇི་སྲིད་བར་བཞུགས་ཏེ་སྙིང་རྗེས་གཞན་དབང་དུ་གྱུར་པའི་ཕྱིར་དང་། སེམས་ཅན་རྒྱུན་འཆད་པར་མེད་པའི་ཕྱིར་ན་འཕྲིན་ལས་འགོག་ཏུ་མེད་པས་འགོག་པ་མེད་པ་སྟེ་ཡན་ལག་བདུན་གསུངས་སོ།། དེ་ལྟར་བས་ན་ཡན་ལག་དང་པོ་གསུམ་ནི་ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་དང་ཡང་ཐུན་མོང་མ་ཡིན་པ་དང་། ཕྱི་མ་བཞི་ནི་མན་ངག་སྙེ་མ་ལས་ཐུན་མོང་བར་གསུངས་པ་སྔགས་རིམ་ཆེན་མོ་ལས་གསུངས་སོ།།

 ༈ དེ་ནས་མཁན་བརྒྱུད་གསོལ་འདེབས་ལས། གསང་བ་ཀུན་འདུས་སྡུད་མཛད་གསང་བའི་བདག །རྒྱུད་རྒྱལ་འདུས་པའི་ལམ་གྱི་མཆོག་བརྙེས་པ།། ཨིནྡྲ་བྷུ་ཏི་ཀླུ་ཡི་མཁའ་འགྲོ་མ།། བི་སུ་ཀཔླ་དཔལ་ལྡན་སཱ་ར་ཧ།། ཀླུ་སྒྲུབ་རྡོ་རྗེ་ཅན་དང་འཕགས་པ་ལྷ།། ཀླུ་བྱང་ཤཱཀྱ་བཤེས་གཉེན་མ་ཏང་གི །ཟླ་བའི་ཞབས་སོགས་བླ་མ་བརྒྱུད་པ་ལ།། ཤུགས་དྲག་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ།། ཞེས་འབྱུང་བ་ལས། སྔོན་སྟོན་པ་རང་ཉིད་ནས་དཔལ་ལྡན་འབྲས་སྤུངས་ལ་སོགས་པའི་འཛམ་བུ་གླིང་གི་གནས་ཁྱད་པར་ཅན་མང་པོར་གསང་སྔགས་རྒྱུད་སྡེ་བཞིའི་ཆོས་མཐའ་ཡས་པར་གསུངས་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་རྒྱུད་གཏད་པར་མཛད་པ་དང་། ཁྱད་པར་བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱི་རབ་དང་ཕུལ་དང་རྩེ་མོར་གྱུར་པ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་འདི་ཡང་ཨཽ་ཌཱི་ཡ་ནའི་ཡུལ་དུ་རྒྱལ་པོ་ཨིན་དྲ་བྷུ་ཏི་འཁོར་དང་བཅས་པ་རྗེས་སུ་གཟུང་བའི་ཕྱིར་གསུངས་ཤིང་། རྒྱལ་པོ་འཁོར་དང་བཅས་པས་དཔལ་གསང་བ་འདུས་པའི་ལམ་ལ་བརྟེན་ནས་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་ཐོབ། རྒྱལ་པོས་ཡུལ་གྱི་སྐྱེ་བོ་རྣམས་ལ་ཆོས་བསྟན་པས་ཐམས་ཅད་ཚེ་གཅིག་ལ་སངས་རྒྱས་ཏེ་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་ཨཽ་ཌཱི་ཡ་ནའི་ཡུལ་སྟོང་པ་ལྟ་བུར་གྱུར་པ་གྲུབ་ཆེན་ཐམས་ཅད་ཀྱི་ཞལ་མཐུན་པ་ལྟར་དང་། དེའི་ཤུལ་ན་མཚོ་ཆེན་པོ་ཀླུས་གང་བ་ཞིག་ཏུ་སོང་བ་ལ་ཕྱག་ན་རྡོ་རྗེས་ཀླུ་རྣམས་ལ་རྒྱུད་དང་གདམས་ངག་བསྟན་པས་ཀླུ་ཕོ་མོ་རྣམས་དཔའ་བོ་དང་དཔའ་མོར་གྱུར་ནས་ཐམས་ཅད་སངས་རྒྱས། མཚོ་སྐམ་པའི་ཤུལ་དུ་གྲོང་ཁྱེར་ཆགས་པ་ཨོ་རྒྱན་གྱི་ཡུལ་དུ། དང་པོ་ཀླུ་མོ་ཡིན་ཀྱང་ཕྱིས་སུ་རྣལ་འབྱོར་མར་སོང་བ་མང་པོ་ཡོད་པའི་ནང་ཚན་འདིའི་བླ་བརྒྱུད་དུ་བཞུགས་པ་ཀླུ་ལས་སྐྱེས་པའི་རྣལ་འབྱོར་མ་ལ་རྒྱལ་པོས་གནང་། དེ་ལ་རྒྱལ་པོ་བི་སུ་ཀལྤས་གསན། དེ་ལ་བྲམ་ཟེ་ཆེན་པོ་སཱ་ར་ཧས་གསན། དེ་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་གསན། དེ་ལ་སློབ་མ་མང་པོ་ཡོད་པར། སློབ་མའི་གཙོ་བོ་ཤཱཀྱ་བཤེས་གཉེན་དང་། ཨརྱ་དེ་བ། ཀླུ་ཡི་བྱང་ཆུབ། སློབ་དཔོན་ཟླ་བ་གྲགས་པ་བཞིས་གསན། དེ་རྣམས་ཀྱིས་སློབ་པའི་རྡོ་རྗེ་ལ་གསུངས། དེས་གྲུབ་ཆེན་ནག་པོ་སྤྱོད་པ་ལ་གསུངས། ནག་པོ་སྤྱོད་པས་དྲི་མེད་བློ་གྲོས་དང་། ས་འདྲེས་པ་གཉིས་ལ་གསུངས། དེས་བྷིརྱ་བྷ་ཌ་མངོན་ཤེས་ཅན་དང་། ཤནྟི་དེ་བ་བཙུན་མོ་ཅན་དང་། རཏྣ་ཨ་ཀར་ཤནྟི་དང་། དཔལ་སྦས་དང་། མར་མེ་མཛད་ལྔ་ལ་གསུངས། དྲི་མེད་བློ་གྲོས་ཀྱིས་ནུབ་ལཀྵེ་ཏྲའི་གཙུག་ལག་ཁང་དུ་མཁས་པ་ཡེ་ཤེས་སྙིང་པོ་ལ་གསུངས། འདིའི་ཡན་ནི་རྒྱ་གར་འཕགས་པའི་ཡུལ་དུ་གསང་བ་འདུས་པའི་བརྒྱུད་རིམ་བྱུང་ཚུལ་ཡིན་ལ།

 ༈ དེ་ནས་མཁན་བརྒྱུད་གསོལ་འདེབས་ལས། གང་ཞིག་རྟོགས་ན་མཐའ་དག་གསུང་རབ་ལ།། མི་འཇིགས་སྤོབས་པ་མཆོག་སྟེར་འདུས་པའི་ལམ།། ཇི་བཞིན་གསལ་མཛད་འཇམ་དབྱངས་བླ་མ་ཡི།། ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ལོ།། རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་སོགས།། རླབས་ཆེན་དགེ་ཚོགས་དུ་མས་བསྐུལ་བ་ཡིས།། དཀའ་བ་དུ་མས་འཕགས་པའི་ཡུལ་བགྲོད་ནས།། ལམ་འདི་གངས་རིའི་ཁྲོད་དུ་རྒྱས་མཛད་པ།། འཇིག་རྟེན་མིག་གྱུར་རིན་ཆེན་བཟང་པོ་དང་།། གསང་བའི་མཛོད་འཛིན་ལྷོ་བྲག་མར་པ་དང་།། རབ་འབྱམས་གཞུང་ལ་མཁས་པའི་སྒྲ་བསྒྱུར་མཆོག །རྟ་ནག་འགོས་ཀྱི་ཞབས་ལ་ཕྱག་འཚལ་ལོ།། ཞེས་འབྱུང་བ་ལས། ལོ་ཙཱ་བ་རིན་ཆེན་བཟང་པོ་ནི། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་སུམ་བརྒྱ་ཞེ་གཅིག་འདས་པ་ན། སྟོད་མངའ་རིས་ཕྱོགས་སུ་ཕྱི་ལོ་དགུ་བརྒྱ་ལྔ་བཅུ་ང་བརྒྱད། ས་ཕོ་རྟའི་ལོར་སྐུ་འཁྲུངས་ཤིང་། ལོ་གཉིས་ལོན་པའི་ཚེ་དབྱངས་གསལ་གྱི་སྔགས་གསུངས་ཤིང། ས་ལ་རི་མོ་འབྲི་བ་སོགས་ཚེ་རབས་སྔོན་མ་རྣམས་སུ་བླུན་པོ་ལུག་ལྟ་བུའི་སྐྱེ་བ་མ་ཡིན་པར་མཁས་པ་པཎྜི་ཏ་རིམ་པར་བརྒྱུད་པའི་མཛད་པ་ངོ་མཚར་བ་བསྟན། དགུང་ལོ་བཅུ་གསུམ་བཞེས་པ་ན་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་། ཁྱད་པར་རྒྱ་གར་དུ་འབྱོན་པའི་བསྐུལ་མ་པཎྚི་ཏ་བསོད་སྙོམས་པ་གཅིག་གིས་རྒྱ་དཔེ་ཀློག་མ་མཁྱེན་པས་ཐུགས་ཕྱུང་ནས། ཤིང་གི་གྲིབ་མ་ལ་གཟིགས་པའི་མནལ་ལམ་དུ་མཁའ་འགྲོའི་རྟགས་ལྡན་གྱི་བུད་མེད་ཅིག་གིས། སྲིན་བུའི་ཁ་ཆུས་རང་ལུས་བཅིངས་པ་ལྟར།། ཡུལ་ལ་ཞེན་པས་བདུད་ཀྱི་རྒྱ་རུ་ཚུད།། དེ་འདྲ་ཐར་པར་འདོད་པའི་མི་སུ་དག །བྱང་ཕྱོགས་ཁ་ཆེའི་ཡུལ་དུ་བྱོན་ནས་ཀྱང་།། རྒྱ་གར་ཤར་ནུབ་ཆུ་བཞིན་མྱུལ་ནས་ནི།། དམ་ཆོས་རྒྱ་མཚོ་བོད་དུ་བསྒྱུར་ན་བདེ།། ཞེས་པའི་ལུང་བསྟན་བྱུང་བའི་རྐྱེན་བྱས་ཏེ། དཀའ་སྤྱད་དུ་མས་ཁ་ཆེར་བྱོན་ཞིང་པཎྜི་ཏ་ཤྲ་དྷ་ཀ་ར་ཝརྨ་དང་མཇལ་ཏེ། ཡོ་གའི་རྒྱུད་སྒྲུབ་ཐབས་རྣམས་གསན་ཅིང་བསྒྱུར། པཎྚི་ཏ་གཞན་མང་པོ་ལའང་སྒྲོ་འདོགས་བཅད་དེ་བོད་དུ་འབྱོན་པར་བཞེད་པའི་ཚེ། རྨི་ལམ་གྱི་ལྟས་ལ་བརྟེན་ནས་པཎ་ཆེན་ནཱ་རོ་པ་དང་། ཀ་མ་ལ་གུཔྟ་ཛི་ན་མི་ཏྲ་སོགས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་དཔག་ཏུ་མེད་པ་གསན། མདོར་ན་པཎྚི་ཏའི་བླ་མ་ཡང་བདུན་ཅུ་རྩ་ལྔ་ལ་བསྟེན་པས་གསུང་རབ་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་སོན་ཅིང་། བཀའ་བསྟན་བཅོས་ཀྱི་གསུང་རབ་བརྒྱ་ཕྲག་མང་པོ་བསྒྱུར་པ་སོགས་བསྟན་པ་ཕྱི་དར་ལ་སྐད་གཉིས་སྨྲ་བ་འདི་ཉིད་འགྲན་ཟླ་ཐམས་ཅད་དང་བྲལ་བས། མཁས་པའི་དབང་པོ་ཡིད་བཟང་རྩེ་བས་ཀྱང་བསྟན་པ་སྔ་དར་ལས་ཕྱི་དར་སྔགས་ཀྱི་བསྟན་པ་བོད་དུ་དར་བ་ཡང་། ལོ་ཙཱ་བ་འདིའི་བཀའ་དྲིན་ཡིན་ཞེས་ཆེ་བ་མཛད་པ་ཡང་དོན་ལ་གནས་པར་སེམས་སོ།། བླ་ཆེན་པོ་ལྷ་ལྡེ་བཙན་གྱིས་མཆོད་གནས་དང་རྡོ་རྗེ་སློབ་དཔོན་དུ་བཀུར་ཏེ། གཙུག་ལག་ཁང་དང་། གནས་གཞི་མང་པོ་བཞེངས་ནས་ཕུལ། གུ་ཤྲི་བརྩོན་འགྲུས་རྒྱལ་མཚན་དང་། རྨ་དགེ་བློ་ལ་སོགས་པའི་བུ་སློབ་མཁས་གྲུབ་མང་པོ་དང་། ཞུས་ཆེན་ཕེར་བའི་ལོ་ཙཱ་བ་ཡང་བཅུ་ལྷག་ཙམ་བྱུང་། འཕྲལ་གྱི་མཛད་པ་ཡང་། རྟེན་བཞེངས་མང་པོ་དང་། གསུང་རབ་མང་པོའི་འགྱུར་མཛད་པ་སོགས་རེ་རེའི་རྗེས་ཀྱང་གཞན་གྱིས་མི་སྙེགས་པ་དང། འཇམ་དཔལ་མཚན་བརྗོད་སམ་སྐྲྀ་ཏའི་སྐད་དུ་འབུམ་གཅིག །བོད་སྐད་དུ་འབུམ་གཅིག །གཞན་ལ་ཡོན་བྱིན་ནས་འདོན་དུ་བཅུག་པ་འབུམ་ཕྲག་གཅིག །དགུང་གྲངས་བརྒྱད་ཅུ་གྱ་ལྔ་བཞེས་པའི་ཐོག་ཇོ་བོ་རྗེ་བོད་དུ་ཕེབས་པ་དང་མཇལ་ཏེ་གདམས་ངག་ཉན་ཞིང་། ཇོ་བོས་སྒྲུབ་པ་ལ་བསྐུལ་ནས་བཞུགས་ཁང་སྒོ་རིམ་གསུམ་ལ་དམ་བཅའ་གསུམ་བྲིས་ཏེ་རྩེ་གཅིག་ཏུ་བསྒོམས་མཛད་པས། གསང་བདེ་གཉིས་ཀྱིས་ཞལ་གཟིགས་ཤིང་གྲུབ་པ་བརྙེས་ཏེ་ཕྱི་ལོ་ ༡༠༥༥ བོད་རབ་བྱུང་དང་པོའི་ཤིང་མོ་ལུག་གི་ལོར་དགུང་གྲངས་དགུ་བཅུ་གོ་བརྒྱད་པར་ལ་ཕྲ་ཙེ་ཝིང་གིར་དུ་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན། དེའི་ཚེ་ལྷ་རྣམས་ཀྱིས་རོལ་མོའི་སྒྲ་སྒྲོགས་པ་དང་། མེ་ཏོག་གི་ཆར་འབེབས་པ་སོགས་གྲོང་པའི་སྐྱེ་བོ་ཐ་མལ་པ་ཡན་ཆད་ཀྱིས་མངོན་སུམ་དུ་གྱུར། གདུང་གཏན་ནས་མ་བྱུང་བས་མཁའ་སྤྱོད་དུ་གཤེགས་པ་བཞེད་ཅིང་། རིང་བསྲེལ་ནི། འོལ་མ་སེའི་མདོག་ལྟ་བུ་ཤིན་ཏུ་དམར་བ་གསུམ་བྱུང་ཡང་ཕྱིས་སུ་སྒྲ་དང་བཅས་ཏེ་ནམ་མཁར་གཤེགས་པར་གསུངས་སོ།།

༈ དེ་ནས་ལྷོ་བྲག་མར་པ་ལོ་ཙཱ་བ་ནི། ཕྱི་ལོ་ ༡༠༡༢ ཆུ་ཕོ་བྱི་བའི་ལོར་ཡབ་མར་པ་དབང་ཕྱུག་འོད་ཟེར་དང་། ཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡབ་ཡུམ་གཉིས་ལ་མིང་སྲིང་བཞི་ལས་གཉིས་པ་དེ་ཡིན། ཆུང་ངུའི་དུས་ནས་སློབ་དཔོན་ཀླུ་བརྒྱད་པ་ཞིག་ལས་འབྲི་ཀློག་ལེགས་པར་མཁྱེན། དགུང་ལོ་བཅོ་ལྔ་བཞེས་སྐབས་རྟ་བཟང་པོ་སེང་ལྡེང་གི་སྒ་ཅན་ཞིག་གིས་སྣ་དྲངས་པའི་འབུལ་བ་མང་པོ་བསྐུར་ནས་བླ་མ་འབྲོག་མིའི་དྲུང་དུ་བརྫངས། བླ་མའི་དྲུང་ནས་ལོ་ཙཱ་སྐད་རྣམས་བསླབ་པས་ལེགས་པར་མཁྱེན། བླ་མ་འབྲོག་མིའི་ཆོས་རྣམས་ལ་ཞུ་རྟེན་འབུལ་བ་ཆེན་པོ་དགོས་འདུག་པས་ཁོང་གི་ཆོས་འདི་རྣམས་རྒྱ་གར་ནས་བྱུང་བ་ཡིན། ད་ང་རང་ཡང་རྒྱ་གར་དུ་འགྲོ་སྙམ་པའི་འདུན་པ་སྐྱེས། དེ་ནས་ཡུལ་དུ་བྱོན་ནས་གསེར་སྲང་བཅོ་ལྔ་ཙམ་ཞིག་རྙེད་པ་བསྣམས་ཏེ་བྱོན། དེ་ནས་བལ་ཡུལ་དུ་ཕེབས་ཚེ། ཁ་རག་གཉོས་དང་སྟབས་སུ་བྱུང་བར་ཁོང་གིས་ཁྱོད་ལ་གསེར་ཅི་ཡང་མི་འདུག་པས་ངའི་གཡོག་གྱིས། ང་དང་ཆོས་མཉམ་དུ་ཞུས་པས་ཆོག་གསུངས་པ་ལ་མ་དགྱེས་ནས་བལ་པོར་ལོ་གསུམ་ཆུ་སྙོམ་ཞིང་བཞུགས། བལ་པོ་སྤྱི་ཐེར་པ་ལ་དཔལ་གདན་བཞི་སོགས་ཆོས་འགའ་ཞུས་ཤིང་། ལོ་གསུམ་ནས་བལ་པོ་བན་དེ་པས་སྣ་འདྲེན་པས་ནཱ་རོ་པའི་དྲུང་དུ་བསྐྱལ། དགེ་ཚུལ་ཤེས་རབ་སེང་གེས་ཀྱང་ཞུ་སྣ་མཛད། ཐུགས་ལ་འདོགས་པས་ཀྱཻ་རྡོའི་དབང་ཡན་ལག་བདུན་ཙམ་ཐོབ་པར་མཛད། གཞན་རྒྱུད་སྒྲུབ་ཐབས། རྫོགས་རིམ་མན་ངག་རྣམས་ཀྱང་ལེགས་པར་གསན། རྒྱ་གར་ནུབ་ཕྱོགས་ལཀྵེ་ཏའི་གྲོང་དུ། དཔལ་ཡེ་ཤེས་སྙིང་པོ་ལ་གསང་འདུས་རྒྱུད་རྐྱང་གི་ལུགས་རྣམས་གསན། སླར་ནཱ་རོ་པའི་དྲུང་དུ་བྱོན་ནས་སྒྲོན་གསལ་གྱི་བཤད་པ་དང་། མཧཱ་མ་ཡའི་དབང་བྱིན་རླབས་མན་ངག་དང་བཅས་པ་རྫོགས་པར་གསན། དེ་ནས་སླར་བོད་དུ་བྱོན་ནས་གསེར་འཚོལ་བའི་རྩོལ་བ་མཛད་པས་ཕྱག་ཏུ་གསེར་མང་པོ་ཐོབ། དེ་ནས་བལ་ཡུལ་བརྒྱུད་རྒྱ་གར་དབུས་སུ་བྱོན་ནས་ནཱ་རོ་པ་སྤྱོད་པ་ལ་གཤེགས་ནས་མ་མཇལ་ཡང་དེར་བླ་མ་གཞན་ལ་ཆོས་མང་དུ་ཞུས་ཤིང་ཀྱཻ་རྡོའི་རྒྱུད་ལ་གཟིགས་རྟོགས་མཛད་པས། རྗེ་ནཱ་རོ་པ་འཚོལ་བའི་འདུན་པ་ཆེན་པོ་སྐྱེས་ཏེ། རྒྱ་གར་ཤར་ལྷོ་ཕྱོགས་ཀུན་ཏུ་བགྲོད། གསོ་རི་བ་ལ་སོགས་པའི་གྲུབ་ཐོབ་མང་པོའི་དྲུང་ནས་ཆོས་མང་པོ་གསན་ཞིང་། འབད་པ་དང་དད་གུས་ཆེན་པོས་བཙལ་བས་ནམ་ཞིག་ན་ནགས་གསེབ་གཅིག་ཏུ་དངོས་སུ་མཇལ་ཏེ་གསེར་རྣམས་ཕུལ་བར་ཐམས་ཅད་གཏོར། ཅུང་ཞིག་ཡིད་མ་ཆེས་པ་ན། ཞབས་ས་ལ་རེག་པས་ས་དེ་གསེར་དུ་སོང་། ཞལ་ནས་ཀྱང་ཐམས་ཅད་གསེར་གླིང་ཡིན་ནོ་གསུངས་ནས་མི་སྣང་བར་གཤེགས། སྐབས་དེར་མངོན་པར་རྟོགས་པའི་ཡོན་ཏན་ཚད་མེད་པར་འཁྲུངས་པར་གསུངས། དགུང་གྲངས་བཞི་བཅུ་རྩ་གཉིས་པར་བལ་པོར་ཕམ་མཐིང་པ་ལ་སོགས་པ་མཇལ་ནས་བོད་དུ་བྱོན་ནས་ཡུལ་ས་བཟུང་། བདག་མེད་མ་ཡང་བཙུན་མོར་བླངས། གཞན་ཡང་ཕྱག་རྒྱ་མ་བརྒྱད་ཙམ་ཞིག་ཡོད་པར་གྲགས་ཏེ་ཀྱཻ་རྡོར་ལྷ་མོ་དགུ་དང་སྦྱོར་བ་ཡིན་པར་གྲགས། དེ་ནས་མངའ་བདག་མི་ཏྲི་པའི་སྙན་པར་གསན་པས་ཐུགས་འཕྲོག་སྟེ་སླར་ཡང་རྒྱ་གར་དུ་བྱོན་ནས་རྒྱ་གར་དབུས་ཕྱོགས་སུ་མངའ་བདག་མི་ཏྲི་པ་དང་མཇལ་བར་རྒྱུད་མང་པོ་གསན། སྟོང་ཉིད་ཀྱི་ལྟ་བ་ཟབ་མོ་ཐུགས་ལ་འཁྲུངས་པར་གསུངས་ཏེ། རྗེ་མངའ་བདག་ཆེན་པོའི་བཀའ་དྲིན་གྱིས།། གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས།། སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས།། མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད།། ཅེས་གསུངས་ནས་བོད་དུ་བྱོན། བལ་ཡུལ་དུ་གཙང་རོང་བརྒྱུད་རིམ་གྱིས་ལྷོ་གྲོ་བོ་ཀླུངས་སུ་ཕེབས་ནས་བུ་སློབ་བསྐྱངས་པ་ལ། སྲས་ཆེན་བཞི། དབུ་ཆེན་བཅུ། ཀ་ཆེན་བཞི་སོགས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་འཛིན་པའི་བརྒྱུད་རིམ་བར་མ་ཆད་དུ་བྱུང་། སྤྱིར་རྗེ་མར་པ་ཆུ་ཕོ་བྱི་ལ་འཁྲུངས་ནས་བརྒྱད་ཅུ་རྩ་དྲུག་པ་མེ་མོ་གླང་གི་བར་དུ་བཞུགས་པར་རྒྱ་གར་དུ་ལན་གསུམ་དང་། བལ་པོར་ལན་གཉིས་བྱོན། དགུང་ལོ་སོ་གཅིག་བཞེས་པའི་ཚེ་ཇོ་བོ་རྗེ་བོད་དུ་ཕེབས་པ་དང་མཇལ། རྗེ་མར་པ་ལ་གསང་འདུས་ལུགས་གཉིས་ཀྱི་བཤད་སྲོལ་མི་འདྲ་བ་བདུན་ཡོད་པར་གྲགས་ཤིང་། ནཱ་རོ་པ་ལས་སྒྲོན་གསལ་གྱི་བཤད་པ་གསན་སྣང་ནའང་། བོད་དུ་སྒྲོན་གསལ་གྱི་བཤད་པ་མ་ཚུགས། རིམ་ལྔའི་གདམས་ངག་གི་དར་ཁྱབ་ཆེ་བར་གསུངས་སོ།།

༈ དེ་ནས་འགོས་ཁུག་པ་ལྷས་བཙན་ནི། རྟ་ནག་ཕུའི་ཁུག་པ་ཞེས་པ་སའི་ཆར་ཡུམ་སྒྲོལ་མའི་སྤྲུལ་པ་ཡིན་ཟེར་བ་ཞིག་ལས་འཁྲུངས། དེ་ཡང་དང་པོ་ཟུར་པའི་སར་སློབ་གཉེར་ལ་ཕྱིན་པས་ལས་ཀ་ཁོ་ན་བགྱིས་བཅུག་སྟེ་ཆོས་མ་བསླབས་པས་བླ་ཆེན་འབྲོག་མིའི་དྲུང་དུ་བྱོན་ནས་ཆོས་ཀྱི་འབྲེལ་བ་ཙམ་བྱུང་ཡང་། རྒྱུད་ཉན་པར་འདོད་པ་ལ་གསེར་ཁྱེར་ཤོག་གསུངས་ནས་མ་གནང་བས་སྤོབས་པ་ཆེར་སྐྱེས་ཏེ་བདག་ཉིད་རྒྱ་གར་དུ་ཕྱིན་ཏེ་ཁོ་འདྲ་བ་ཞིག་བྱ་སྙམ་ནས་རྒྱ་གར་དུ་བྱོན། པཎྚི་ཏ་མང་པོའི་དྲུང་ནས་ཆོས་གསན་པ་ནའང་། བརྩོན་འགྲུས་མ་བསྐྱེད་ན་འབྲོག་ལྡོམ་དེ་ལ་ངོ་ཚ་བ་ཡོད་གསུངས་ནས། སྙིང་རུས་བསྐྱེད་དེ་སློབ་གཉེར་ལ་འབད་བརྩོན་ཆེན་པོ་མཛད། ཁོང་ལ་བལ་པོ་ཕན་ཆད་ན། སྤྱིར་པཎྚི་ཏའི་བླ་མ་བདུན་ཅུ་དང་། མཁའ་འགྲོ་མའི་བླ་མ་གཉིས་ཏེ་བདུན་ཅུ་རྩ་གཉིས་ཡོད་པར་གྲགས་ཤིང་། དེ་དག་ལས་འདུས་པ་གསན་པའི་བླ་མ་གཙོ་བོ་ནི་བྷང་ག་ལའི་མཁས་པ་མངོན་ཤེས་ཅན་དང་། ཟ་ཧོར་གྱི་མཁས་པ་བཙུན་མོ་ཅན། ཀོང་ཀ་ནའི་མཁས་པ་སྤྲིན་གྱི་ཤུགས་ཅན། ཁ་ཆེ་ཁྲི་བརྟན་གྱི་མཁས་པ་ཙནྡྲ་ཧ་རི། འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་རླབས་པ་ཛྙཱ་ན་ཨ་ཀ་ར། བལ་པོ་མཐིལ་གྱི་ཙ་ཧ་རུ། བལ་པོ་རྫོང་གི་ན་ག་ཀོ་ཊི་པ། པཎྚི་ཏ་སཱ་ར་ཧ་པ། རྡོ་རྗེ་གདན་གྱི་ནག་པོ་དམ་ཚིག་རྡོ་རྗེ་དང་། ཇོ་བོ་རྗེ་སྟེ་ཕྱི་མ་གཉིས་ལ་བོད་དུ་གསན་ནོ།། དེ་རྣམས་ལ་འཕགས་སྐོར་ལྔའི་གཞུང་ལ་བརྟེན་པའི་གཞུང་བཤད་དབང་མན་ངག་གི་སྐོར་རྣམས་ལེགས་པར་གཏན་ལ་འབེབས་པར་མཛད། མངོན་ཤེས་ཅན་དང་། བཙུན་མོ་ཅན་དང་། ནག་པོ་པ་གསུམ་ལ་མཆོག་གི་བླ་མར་མཛད་ཅིང་། གཞུང་བཤད་དང་གདམས་པ་ཡང་དེ་གསུམ་གྱི་ལུགས་ལ་གཙོ་བོར་མཛད། བླ་མ་འདི་ལ་འདུས་པའི་འཕྲིན་ལས་ཞུགས་པས་སྐུ་ཚེ་སྟོད་སྨད་བར་གསུམ་ལ་མཁས་པ་བཞི་བཞི་དང། དེ་རྣམས་ཀྱི་ནང་ནས་ཀྱང་གཞུང་བཤད་ལ་མཁས་པ་མང་ར་བ་སེང་གེ་རྒྱལ་མཚན་དང་། འགྲེལ་སྒྲིག་ལ་མཁས་པ་འགར་ཆོས་ཀྱི་ཤེས་རབ། རྣམ་གྲངས་ལ་མཁས་པ་རྡོག་དགེ་སེར། སྟོང་ཐུན་ལ་མཁས་པ་དབུས་པ་བཟི་དགའ་བ་ལ་སོགས་པ་དུ་མ་ཞིག་བྱུང་ཞིང་བཤད་རྒྱུན་ཡང་དེང་སང་གི་བར་དུ་གནས་སོ།།

མང་ར་བ་ལ་རྡོག་ཡེ་ཤེས་སེང་གེས་གསན། དེ་ལ་གླན་ཚ་ཉི་མ་ལྕམ་གྱིས་གསན། དེ་ལ་ཐང་སྤེ་བ་འཕགས་པ་སྐྱབས་ཀྱིས་གསན། དེ་ལ་གསེར་སྡིངས་པ་གཞོན་ནུ་འོད་ཀྱིས་གསན། དེ་ལ་བླ་མ་ཆོས་སྐུ་འོད་ཟེར་གྱིས་གསན། དེ་ལ་བླ་མ་འཕགས་པ་འོད་ཀྱིས་གསན། དེ་ལ་པཎྚི་ཏ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་ཀྱིས་གསན། བླ་མ་འདིས་གསང་སྔགས་ཀྱི་གཞུང་གཞན་དུ་མ་རྒྱས་པ་དང་། ཁྱད་པར་དུ་འཕགས་སྐོར་གྱི་འདུས་པ་ནུབ་པ་ལ་ཤིན་ཏུ་ཉེ་བར་སླེབས་པའི་དུས་སུ། རྒྱུད་འགྲེལ་དབང་གདམས་ངག་ཕྲན་དང་བཅས་པ་རྣམས་ཀྱི་སྲོལ་རྣམས་གསོས་ཏེ་མི་ནུབ་པར་མཛད་དོ།། དེ་ལ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་མཚན་ཅན་གྱིས་གསན། དེ་ལ་ལོ་ཙཱ་བ་ནམ་མཁའ་བཟང་པོས་གསན། དེ་ལ་རྗེ་བཙུན་བླ་མ་རེད་མདའ་བ་ཆེན་པོས་གསན། བླ་མ་འདི་དང་བུ་སྟོན་རིན་པོ་ཆེའི་སློབ་མ་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་དང་། རྗེ་བཙུན་དམ་པ་གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་གསུམ་གྱི་དྲུང་ནས་རྒྱལ་བ་གཉིས་པ་རྗེ་བདག་ཉིད་ཆེན་པོས་གསན་པ་མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ་ལས་གསུངས་ཤིང་། མཁས་གྲུབ་ཡིད་བཟང་རྩེ་བས། སྤྱིར་བསྟན་པ་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་དང་། བྱེ་བྲག་ཏུ་འདུས་པས་ནོར་འཛིན་ཀུན་ལ་ཉི་འོད་ལྟར་ཁྱབ་པར་གྱུར་པ་མཛད་པ་པོ་ནི་རྗེ་བདག་ཉིད་ཆེན་པོ་ཁོ་ན་ཡིན་པར་གསུངས་པས་བློ་ལྡན་རྣམས་ཀྱིས་མཁྱེན་པར་མཛད་ལ་དེ་དག་གི་ཚིག་དོན་འཛིན་པའི་དགེ་འདུན་གྱི་སྡེ་དང་། འཆད་ཉན་སོགས་ཀྱི་རྩ་བ་མ་བརླག་པ་འཛིན་པའི་གསང་ཆེན་རྒྱུད་གྲྭ་སྟོད་སྨད་ཀྱང་དེང་གི་བར་དུ་འཚོ་གནས་ཐུབ་པ་རྗེ་ཉིད་ཀྱི་ཐུགས་བསྐྱེད་དང་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་དྲིན་ཁོ་ན་ཡིན་པ་ཤེས་པར་མཛོད་ཅིག ། །།

དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཆོས་འབྱུང་ཨུཏྤ་ལའི་དོ་ཤལ་ལས་ཟུར་དུ་ཕྱུང་བའོ།།