པར་བཤུ།
སྡེ་ཚན། དཔྱད་རྩོམ།
ཀློག་གྲངས། 792

དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ།

༄༅།། དོགས་སློང་དང་པོ། ཁ་ཅིག་གིས། རྟ་ལ་ཐུག་རེག་མེད་པའི་མི་ཞིག་རྟ་གང་དུ་ཕྱིན་པ་དེར་སླེབས་མི་སྲིད་པ་དང་། དངོས་སམ་བརྒྱུད་ནས་གྲུ་ལ་མ་རེག་པར་གྲུ་ལ་བརྟེན་ནས་བགྲོད་མི་ཐུབ་ཀྱང་། ཤེས་པ་རླུང་དང་རྩ་ཀླད་སོགས་ལ་ཐུག་རེག་མེད་པར་དེ་དག་གི་རྗེས་སུ་འབྲང་ཐུབ་པ་གང་ཡིན་ནམ། 

དོགས་སློང་དང་པོའི་ལན། ཐུག་རེག་མེད་པའི་མི་ཞིག་རྟ་ལ་བཞོན་ནས་འགྲོ་བ་མེད་པའི་རྒྱུ་མཚན་ནི་མི་རྟ་གཉིས་ཀ་གཟུགས་ཅན་ཡིན་པས་སོ།། རྣམ་ཤེས་ནི་གཟུགས་མེད་དང་། ཞོན་པའི་རླུང་ནི་གཟུགས་ཅན་ཡིན་པས་རྣམ་ཤེས་རླུང་ལ་བཞོན་ནས་ཕྱིན་ཀྱང་ཐུག་རེག་བྱ་མི་དགོས་པའི་རྒྱུ་མཚན་ནི་མྱོང་བའི་ཐོག་ནས་ཤོད་ནུས། དཔེར་ན། ངེད་ཚོ་དབུགས་གཏོང་ལེན་མྱུར་བུལ་བྱེད་པའི་སྐབས་སུ་བསམ་བློ་དེ་ཡང་སྐད་ཅིག་ཙམ་ཡང་མ་བསྡད་པར་ཡུལ་མི་འདྲ་བ་སྣ་ཚོགས་བློ་ཡུལ་དུ་འཆར་ཡོང་གིན་ཡོད། ད་དུང་ལོ་གཞོན་པའི་དུས་སུ་དབུགས་ཀྱི་རྒྱུ་བ་དང་། སེམས་ཡུལ་ལ་འཕྲོ་བ་གཉིས་ཀ་མྱུར་པོར་བྱེད་པ་དང་། རྒས་འཁོགས་ཆགས་པའི་སྐབས་སུ་གཉིས་ཀ་དལ་དུ་འགྲོ་བ་རེད། ལྷག་ཏུ་སེམས་དམིགས་པ་ལ་རྩེ་གཅིག་ཏུ་གཏད་པའི་སྐབས་སུ་སྣ་ནང་དུ་རླུང་གི་རྒྱུ་བ་དེ་ཡང་དལ་བུར་གཏོང་ལེན་བྱེད་པ་དང་། དེ་བཞིན་དུ་འཆི་ཁར་ཡང་དབུགས་ཀྱི་རྒྱུ་བ་དལ་དུ་དལ་དུ་འགྲོ་བའི་སྐབས་སུ་སེམས་དེ་ཡང་ཡུལ་གཞན་དུ་འཕྲོ་བ་ལྷོད་དུ་ལྷོད་དུ་འགྲོ་གིན་ཡོད། མཐར་སྣ་ཁུང་ནང་གི་དབུགས་ཀྱི་རྒྱུ་བ་ཆད་པ་དང་དུས་མཉམ་དུ་སེམས་རགས་པའི་བྱ་བ་དེ་ཡང་མེད་པ་ཆགས་ཀྱི་ཡོད། ནང་པའི་གཞུང་ལས་རྩ་རོ་རྐྱང་གཉིས་ཀྱི་ནང་དུ་རླུང་རྒྱུ་བའི་སྐབས་སུ་སྣ་ཁུང་གཉིས་ཀྱི་ནང་དུ་རླུང་རྒྱུ་བ་དང་། དེའི་སྐབས་སུ་སེམས་རགས་པས་ཡུལ་ལོངས་སུ་སྤྱོད་པ་དང་། འཆི་ཁ་དང་གཉིད་མཐུག་པོར་ཁུག་པ། འགོག་པ་ལ་སྙོམས་པར་ཞུགས་པ་སོགས་ཀྱི་སྐབས་སུ་རྩ་དབུ་མའི་ནང་དུ་གཉུག་རླུང་དང་གཉུག་སེམས་ཀྱི་བྱ་བ་བྱེད་པའི་སྐབས་ཡིན་ལ། དེའི་ཚེ་སེམས་རགས་པས་ཕྱི་རོལ་གྱི་ཡུལ་ལོངས་སུ་སྤྱོད་མི་ཐུབ་པའི་རྒྱུ་མཚན་ནི། སྣ་ཁུང་དང་། རྩ་རོ་རྐྱང་གཉིས་ཀྱི་ནང་དུ་རླུང་མི་རྒྱུ་བའི་ཕྱིར། ང་ཚོས་དེའི་ཚེ་ཡུལ་མི་རྟོགས་པ་ལྟ་བུར་མངོན་གྱི་ཡོད། དེ་ནི་ཤེས་པ་རགས་པས་བྱ་བ་མི་བྱེད་པ་ཙམ་མོ།། མདོར་ན་ཤེས་པ་རླུང་ལ་ཞོན་ཞེས་པ་ནི་ཤེས་པས་ཡུལ་ལ་དམིགས་པ་དེ་རླུང་གིས་ཁྲིད་པའམ། ཡང་ན་རླུང་གིས་ཕུད་རྒྱག་བཏང་ཞིང་ཤེས་པ་ཡུལ་གྱི་ཕྱོགས་སུ་བསྐྱོད་པ་ལྟ་བུར་བྱས་པས་ན་ཞོན་ཞེས་ཐ་སྙད་བཏགས་སོ།།

            དོགས་སློང་གཉིས་པ། ཁ་ཅིག་གིས། རྣམ་ཤེས་ལུས་དང་བྲལ་ཏེ་བར་སྣང་ནས་རང་གི་ལུས་སོགས་མཐོང་ཞིང་། སྨན་པས་མྱུར་སྐྱོབ་བྱས་པ་ན་སླར་ལུས་ལ་ཞུགས་ཟེར་ན། སྨན་པས་མྱུར་སྐྱོབ་བྱེད་པ་ནི་གཙོ་བོར་དབུགས་འབྱིན་རྔུབ་དང་སྙིང་འཕར་ལྡིང་བྱེད་ཐབས་བྱེད་པ་ཡིན་ལ། སྙིང་འཕར་ལྡིང་བྱེད་པ་དང་དུས་མཉམ་དུ་རྣམ་ཤེས་སླར་ཞུགས་པ་ཡིན་ནམ། ཡང་ན་སྔོན་ནམ་ཕྱིས་སུ་ཞུགས་ནའང་འགྲིག་པ་ཞིག་ཡིན།

དོགས་སློང་གཉིས་པའི་ལན། སྨན་པས་སྙིང་འཕར་ལྡིང་བྱེད་ཐབས་འཚོལ་བ་ནི་རླུང་དང་རྣམ་ཤེས་རགས་པས་བྱ་བ་བྱེད་ཐབས་འཚོལ་བ་ཡིན་གྱི། དེའི་ཚེ་གཉུག་སེམས་དང་གཉུག་རླུང་གི་བྱ་བ་བྱེད་པ་སྨན་པས་མ་མཐོང་བས་སོ།། དཔེར་ན། གཉིད་མཐུག་པོ་ལ་གནས་པའི་སྐབས་སུ་གཉུག་སེམས་དང་གཉུག་རླུང་གིས་བྱ་བ་བྱེད་པ་རྨི་ལམ་པ་རང་ཉིད་ཀྱིས་མ་གཏོགས་མི་ཤེས་པ་བཞིན་ནོ།། རང་ཉིད་ཀྱིས་དེའི་ཚེ་ལུས་སེམས་ཕྲ་མོས་བྱ་བ་བྱེད་པ་གང་ལས་ཤེས་ཤེ་ན། གཉིད་སད་མ་ཐག་ཏུ་རྨི་ལམ་བཟང་ངན་གྱིས་མཚམས་རེ་སེམས་སྐྱིད་པོ་དང་། སྐབས་རེ་ཡང་སེམས་མི་སྐྱིད་པ་ཡོང་གི་ཡོད། དེའི་སྐོར་ལྟག་ལོག་ཅིག་བརྒྱབ་སྟེ་ཞིབ་ཕྲའི་བསམ་བློ་ཞིག་བཏང་ཚེ། གཉིད་སད་མ་ཐག་པའི་བདེ་སྡུག་དེ་ཡང་གཉིད་མཐུག་པོའི་སྐབས་ཀྱི་རྨི་ལམ་བཟང་ངན་གྱིས་བྱས་པའམ། དེའི་འབྲས་བུ་ཡིན་པ་ཤེས་ཀྱི་ཡོད། དེ་ལ་བརྟེན་ནས་རྒྱུན་དུ་ང་ཚོས་རྩོད་བཞིན་པའི་དབང་ཤེས་དང་འབྲེལ་བའི་སེམས་རགས་པ་དེ་མ་ཡིན་པར་སྐྱེ་བ་ཕྱི་མར་འགྲོ་མཁན་གྱི་སེམས་ཕྲ་མོ་ཞིག་ཡོད་པ་དང་། དེས་སྒོ་ལྔའི་དབང་ཤེས་སོགས་སེམས་ཚོར་རགས་པ་ལ་ཤུགས་རྐྱེན་ཞིག་ཐེབས་ཀྱི་ཡོད་པ་མཚོན་གྱི་ཡོད།

            མདོར་ན་སྨན་པས་མྱུར་སྐྱོབ་བྱེད་པ་མཐོང་མཁན་གྱི་སེམས་ནི་ཕྲ་མོའི་རླུང་ལ་བརྟེན་པའི་གཞུག་སེམས་ཡིན་ནོ།། དཔེར་ན། གཉིད་མཐུག་པོའི་སྐབས་སུ་རླུང་སེམས་རགས་པ་ཀུན་འགགས་ནས་ཕྲ་མོའི་རླུང་སེམས་ཀྱིས་བྱ་བ་བྱེད་པ་བཞིན་ནོ།། ཕྲ་མོའི་རླུང་སེམས་དེ་གཉིས་སྙིང་འཕར་ལྡིང་མ་བྱས་པའི་སྔོན་དུ་ནད་པའི་ལུས་ཀྱི་ནང་དུ་ཞུགས་དགོས་ཏེ། སྙིང་འཕར་ལྡིང་བྱེད་པའི་སྐབས་སུ་རགས་པའི་རླུང་སེམས་ཀྱིས་བྱ་བ་བྱེད་པའི་སྐབས་ཡིན་པས། དེའི་ཚེ་ཕྲ་མོའི་གཉུག་སེམས་གཉིས་ཀྱི་བྱ་བ་བྱེད་པ་འགགས་ཟིན་པས་སོ།།

དོགས་སློང་གསུམ་པ། ཁ་ཅིག་གིས། འཁྱགས་པ་བཏང་ནས་ཁྲོམ་ནང་བཙོང་བའི་ཉ་འགའ་ཞིག་འཁྱགས་པ་བཞུ་སྐབས་སླར་གསོན་པོར་གྱུར་ཡོང་བ་དང་། འགའ་རེ་ཆུ་ཁོལ་མར་བཙོ་སྐབས་སླར་སོས་ཡོང་བ་འདི་དག་ནི་རྣམ་ཤེས་ལུས་དང་བྲལ་ནས་ཡུན་རིང་སོང་རྗེས་སླར་ཞུགས་པ་ཞིག་ཡིན་ནམ།
དོགས་སློང་གསུམ་པའི་ལན། རགས་པའི་རྣམ་ཤེས་འགགས་ཀྱང་ཕྲ་མོའི་རྣམ་ཤེས་ལུས་ཀྱི་ནང་དུ་གནས་པ་ཁས་བླངས་ན་འགལ་བ་ཞིག་མེད། དཔེར་ན། འཕྱི་བ་དགུན་དུས་སུ་རགས་པའི་རྣམ་ཤེས་འགགས་ཤིང་ཟླ་བ་ལྔ་དྲུག་ཅིག་གི་རིང་ལ་ལུས་སེམས་རགས་པའི་བྱ་བ་མི་བྱེད་པའི་ཚེ་ཉལ་བའི་ཐ་སྙད་བྱེད་པ་བཞིན་ནོ།། དགུན་དུས་སུ་ལུས་ལ་ལྷགས་རླུང་སོགས་བརྒྱབ་ན་དེ་མ་ཉིད་དུ་རགས་པའི་རྣམ་ཤེས་ཀྱི་བྱ་བ་བྱེད་ཀྱི་ཡོད། རྒྱུ་མཚན་དེའི་ཕྱིར། ཉལ་བའི་འཕྱི་བའི་ལུས་ལ་ཤེས་པ་ཡོད་པ་དང་། ཤི་བའི་འཕྱི་བའི་ལུས་ལ་ཤེས་པ་མེད་པ་གཉིས་ཀྱི་ཁྱད་པར་འབྱེད་ཐུབ། ཡང་མ་ཉལ་གོང་གི་འཕྱི་བའི་ཤེས་པ་དེ་དང་། ཉལ་ནས་ལངས་པའི་རྗེས་སུ་འཕྱི་བའི་དྲན་པ་དེ་གཉིས་རྒྱུན་གཅིག་ཡིན་པ་གང་ལས་ཤེས་སྙམ་ན། མ་ཉལ་གོང་དུ་རྩ་དང་ཆུ་འཚོལ་ས་གང་ཡིན་པ་དང་། འཕྱི་ཁུང་འཛུལ་ས་གང་དུ་ཡོད་པ། ཐ་ན་དགྲ་གང་ནས་ཡོང་གི་ཡོད་པ་སོགས་ཀུན་ལངས་པའི་རྗེས་སུ་སྔར་རྒྱུན་ལྟར་འགྲོ་དགོས་ས་དང་། གཟབ་དགོས་ས་ཏག་ཏག་བྱེད་ཀྱི་ཡོད་པས་སོ།།  

གང་ལྟར་ཀྱང་གཉིད་ཉལ་ཁའི་སེམས་དང་། གཉིད་སད་པའི་སེམས་གཉིས་རྫས་རྒྱུན་ཁ་ཁ་སོ་སོ་འཇོག་མི་རུང་སྟེ། དེ་བཞག་ན་ཁ་སང་གི་ང་ཚོའི་སེམས་དང་། དེ་རིང་གི་ང་ཚོའི་སེམས་གཉིས་རྫས་རྒྱུན་ཁ་ཁར་འཇོག་དགོས། དེ་ལྟར་ན། ཁ་རྩང་ཤེས་པའི་ཡུལ་རྣམས་དེ་རིང་མི་ཤེས་པར་ཐལ་བའི་ཕྱིར་རོ།། རྒྱུ་མཚན་ནི་གོང་དུ་བཀོད་པ་གཉིས་དུས་རིང་ཐུང་ཙམ་མ་གཏོགས་གཉིད་མཐུག་པོ་དང་རྨི་ལམ་གྱིས་ཆོད་པ་གཅིག་པས་སོ།། དེ་འདྲའི་དོགས་པ་ཡོང་ཁག་པོ་རེད། ལུས་སེམས་ཕྲ་རགས་ཀྱི་སྐོར་ཞུས་ཟིན་ཏོ།།

དོགས་སློང་བཞི་པ། ཁ་ཅིག་གིས། གཉིད་ཐབས་ལ་བརྟེན་ནས་ཡུལ་གཞན་གྱི་དེབ་སོགས་བཀླགས་ཏེ་དོན་ཤེས་པར་བྱེད་ཅིང་། དེ་ནི་རྣམ་ཤེས་ལུས་དང་བྲལ་ནས་འགྲོ་བའི་རྟགས་ཡིན་ཟེར་ན། མངོན་ཤེས་ཀྱིས་ཡུལ་གཞན་ཤེས་པའི་ཚེ་ཡང་རྣམ་ཤེས་ལུས་དང་བྲལ་ནས་འགྲོ་བ་དང་། གཞན་རྒྱུད་མངོན་སུམ་དུ་རྟོགས་པའི་ཚེ་ཡང་རང་སེམས་གཞན་རྒྱུད་དུ་ཞུགས་པའམ་འཛུལ་བར་སྨྲ་ཆོག་གམ།

དོགས་སློང་བཞི་པའི་ལན། རྨི་ལམ་དང་མངོན་ཤེས་གཉིས་ཀྱིས་ཡུལ་རྟོགས་པའི་སྐབས་སུ་ཕུང་པོ་རགས་པ་དང་བྲལ་ནས་ཐག་རིང་ལ་བསྐྱོད་པ་དང་། མི་བསྐྱོད་པའི་ཁྱད་པར་ཡོད་དེ། རྨི་ལམ་གྱི་སེམས་ཕྲ་མོ་ནི་ལུས་རགས་པ་དང་བྲལ་ནས་གཉུག་མའི་རླུང་ལས་གྲུབ་པའི་ལུས་ཕྲ་མོ་སྒྱུ་ལུས་ལ་བརྟེན་ཅིང་ཐག་རིང་དུ་འགྲོ་བ་དང་། དཔེ་ཆ་ཀློག་པ་སོགས་ཀྱི་བྱ་བ་བྱེད་པ་ཤོད་རྒྱུ་ཡོད་ལ། མངོན་ཤེས་ལ་དེ་ལྟར་བཤད་དུ་མི་རུང་སྟེ། མངོན་ཤེས་ནི་སེམས་རགས་པ་ཡིན་པས་ལུས་རགས་པ་ལ་བརྟེན་དགོས་ཤིང་། གཉིད་མཐུག་པོའི་སྐབས་སུ་ལུས་རགས་པའི་བྱ་བ་ཐམས་ཅད་འགགས་པས་སོ།། གཉིད་ཐབས་ལ་བརྟེན་ཅིང་ཡུལ་རྟོགས་པ་སོགས་ནི་ཕྲ་མོའི་རླུང་སེམས་ཀྱིས་བྱ་བ་བྱེད་པའི་སྐབས་ལ་ཤོད་ཀྱི། དེ་ནི་གཞི་དུས་ཀྱི་སྒྱུ་ལུས་འབྱུང་བའི་སྐབས་ཡིན་ནོ།། མངོན་ཤེས་སོགས་ཀྱི་ཡུལ་རྟོགས་ཚུལ་ནི་སྒྱུ་ལུས་དང་འབྲེལ་བ་མེད་པ་ཙམ་དུ་མ་ཟད་སེམས་རགས་པས་བྱ་བ་བྱེད་པའི་སྐབས་ལ་ཤོད་ཀྱི་ཡོད། དེ་བས་གོང་ཞུས་གཉིས་ཀྱི་ཡུལ་རྟོགས་ཚུལ་སོགས་ནི་མི་མཚུངས་སོ།། ལུས་སེམས་ཕྲ་རགས་སྐོར་བཤད་ཟིན་ཏོ།།

དོགས་སློང་ལྔ་པ། ཁ་ཅིག་གིས། རྨི་ལམ་གྱི་སྐབས་སུ་ལུས་པོ་རྒྱ་གར་དུ་བཞག་ནས་རྣམ་ཤེས་བོད་དུ་ཕྱིན་ཏེ་དེབ་ཀློག་པ་ལྟར་ན། བོད་ན་ཡང་གཟུགས་མངོན་སུམ་མཐོང་བའི་བདག་རྐྱེན་གྱི་དབང་པོ་གཅིག་དང་། རྒྱ་གར་ན་ཡོད་པའི་ལུས་དེ་ལ་ཡང་བག་ལ་ཞ་བའི་དབང་པོ་གཅིག་སྟེ། གང་ཟག་གཅིག་ལ་མིག་གི་དབང་པོ་གཉིས་དུས་མཉམ་དུ་ཡོད་པར་སྨྲ་ཆོག་གམ།

དོགས་སློང་ལྔ་པའི་ལན། གོང་དུ་གསུངས་པ་ལྟར་དབང་པོ་གཉིས་དུས་མཉམ་དུ་ཡོད་ཀྱང་གཅིག་གིས་དབང་པོའི་བྱ་བ་བྱེད་པའི་ཚེ་གཅིག་ཤོས་ཀྱིས་དབང་པོའི་བྱ་བ་མི་བྱེད་པས་གོང་གི་འགལ་བ་ནི་མེད་དོ།། དོགས་སློང་དེ་སྔགས་གཞུང་ཕལ་ཆེ་བའི་ནང་དུ་ཡོད་ཅིང་། དེའི་ལན་ལའང་ཕྲ་མོའི་ལུས་ཀྱིས་བྱ་བ་བྱེད་པའི་ཚེ། རགས་པའི་ལུས་ཀྱི་བྱ་བ་འགགས་ལ། རགས་པའི་ལུས་ཀྱིས་བྱ་བ་བྱེད་པའི་ཚེ་ཕྲ་མོའི་ལུས་ཀྱི་བྱ་བ་བག་ལ་ཉལ་བའི་ཚུལ་དུ་བསྡད་ཡོད་པས། སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པའི་རྒྱུན་རེ་རེ་བའོ།། ཞེས་པའི་གཞུང་དང་མི་འགལ་ཟེར། ལུས་སེམས་ཕྲ་རགས་སྐོར་ཞུས་ཟིན་ཏོ།།

དོགས་སློང་དྲུག་པ། ཁ་ཅིག་གིས། རང་ཉིད་རྒྱ་གར་དུ་ཉལ་བཞིན་རྨི་ལམ་དུ་བོད་ནང་རྐང་པོལ་འགྲན་བསྡུར་བྱས་པ་རྨིས་ནས་རྐང་པ་གཡུག་གཡུག་བྱེད་པའི་ཚེ། རྣམ་ཤེས་དེ་རྨི་ལམ་དང་མཉམ་དུ་བོད་ནང་གི་རྩེད་ཐང་ཐོག་ཡོད་པ་ཡིན་ན། འདིར་རྐང་པ་གཡུག་གཡུག་བྱེད་པ་དེ་འདྲེ་ཞུགས་པ་ཡིན་ནམ།

དོགས་སློང་དྲུག་པའི་ལན། ཕུང་པོ་རགས་པའི་རྐང་པ་གཡུག་པའི་ཚེ་སྒྱུ་ལུས་ཕྱི་ལ་སོང་བ་མིན་པས་དེའི་ཚེ་རྣམ་ཤེས་བོད་དུ་བསླེབས་མེད། དེའི་ཚེ་ལུས་སེམས་རགས་པས་བྱ་བ་བྱེད་པའི་སྐབས་ཡིན་པས་གཉིད་མཐུག་པོ་ཁུག་པ་དང་། ལུས་སེམས་ཕྲ་མོས་བྱ་བ་བྱེད་པའི་སྐབས་མིན་ནོ།། ལུས་སེམས་ཕྲ་རགས་ཀྱི་བྱ་བ་བྱེད་ཚུལ་སྐོར་ཞུས་ཟིན་ཏོ།།

དོགས་སློང་བདུན་པ། ཁ་ཅིག་གིས། གལ་སྲིད་སྐུ་གོང་མས་བདག་ཏུ་བཟུང་བའི་རྡོར་དྲིལ་དང་ཕྱག་དཔེ་སོགས་རྫས་ཀྱི་དངོས་པོ་རྣམས་དྲན་ནས་ངོས་ཟིན་ཐུབ་པར་བཤད་པ་ལྟར་ན། སྐུ་གོང་མས་མི་ཚེ་གཅིག་ལ་ཉམས་ལེན་དང་སྦྱངས་བརྩོན་གནང་བའི་ནང་ཆོས་དང་ཤེས་ཡོན་རྣམས་དྲན་མི་ནུས་པར་འགོ་ནས་སྦྱང་དགོས་པ་འདི་ག་རེ་ཡིན་ནམ།

དོགས་སློང་བདུན་པའི་ལན། སྤྱིར་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འདི་མདོ་བསྟན་སོགས་ལས་སྐྱེ་བ་སྔ་ཕྱིའི་སྒྲུབ་བྱེད་དུ་མ་བཤད་པས་འདི་ལ་དམིགས་བསལ་གྱི་ལན་འདེབས་ཤིག་མེད་ཀྱང་། དཔེ་མཚོན་གྱི་ཐོག་ནས་རོབ་ཙམ་ཞིག་བཤད་ན། དང་པོར་བློ་འཛིན་བྱེད་པའི་སྐབས་སུ་དཀའ་ཚེགས་ཆེ་བའི་རིགས་ཕར་བརྗེད་འགྲོ་དུས་དྲན་པས་དེ་ཤོར་མགྱོགས་པ་དང་། བློ་འཛིན་བྱེད་སླ་བའི་རིགས་རྣམས་བརྗེད་ཀྱང་དེ་ཁག་གི་ཡོད། ད་དུང་གོང་དུ་བཀོད་པའི་དྲི་བའི་རིགས་པ་དེ་གཉིས་མི་མཚུངས་ཏེ། དབང་པོ་ཇི་ལྟར་བརྟུལ་ཡང་ཚེ་འདིར་སོ་སོའི་ཕོར་པ་མི་བརྗེད་པ་དང་། རིག་པ་ཅི་ལྟར་རྣོ་ཡང་གཞུང་ཆེན་བློ་འཛིན་བྱས་པའི་རིགས་ལོ་ལྔ་དྲུག་ཅིག་གི་རིང་ལ་སྐྱོར་སྦྱོང་མ་བྱས་ན་རྗེས་ཤུལ་ཙམ་ཡང་ལྷག་ཁག་པོ་རེད། ད་དུང་དེ་གཉིས་མི་མཚུངས་ཏེ། ཡང་སྤྲུལ་འདས་ཤིང་ཡང་སྲིད་ངོས་འཛིན་མ་བྱས་པའི་བར་དུ་ལོ་ལྔ་དྲུག་ཅིག་འགྲོ་དགོས་པ་གང་ཞིག །ད་དུང་རྣམ་ཤེས་རྟེན་སའི་ལུས་དང་དབང་པོ་རྩ་དང་ཀླད་པ་སོགས་གསར་རྙིང་བརྗེ་དགོས་པས། ཡང་སྲིད་ནི་ཚེ་འདིའི་མི་ནང་བཞིན་དྲན་ཤེས་གསལ་བོ་ཡོང་ཁག་པོ་རེད།

ལྷག་པར་དུ་ཡང་སྲིད་ཀྱིས་ཕོར་པ་དང་། ཕྲེང་བ་སོགས་ངོས་འཛིན་བྱེད་སླ་བའི་རྒྱུ་མཚན་ཡོད་དེ། གནའ་སྔ་མོར་ཁ་ཕོར་ཞེས་པ་ཆག་སྐྱོན་སོགས་མ་ཤོར་ན་རང་ཉིད་བསམ་བློ་ཟིན་ནས་བཟུང་སྟེ་མ་ཤི་བར་དུ་ཕོར་པ་གཅིག་རང་བེད་སྤྱོད་སྲོལ་ཡོད། སོ་སོའི་ཁ་ཕོར་ནི་གཞན་གྱིས་བེད་སྤྱོད་མི་གཏོང་བ་དང་། སོ་སོས་བདག་ཉར་བྱེད་ཅིང་རང་ཉིད་གར་སོང་གི་སར་ཁྱེར་འགྲོ་བའི་ལུགས་སྲོལ་ཞིག་ཀྱང་ཡོད། ཁ་དཔེར། གྲོགས་གར་ཡོང་མི་ཤེས་ཕོར་པ་འཁྱེར་དགོས་ཞེས་པ་ལྟར་རེད། ཕྲེང་བ་དང་ལག་སྐོར་སོགས་ལའང་དེ་ནང་བཞིན་བདག་ཉར་བྱེད་ཀྱི་ཡོད། ཕོར་པ་ནི་མ་ཐ་ཉིན་རེར་བེད་སྤྱོད་ཐེངས་གསུམ་རེ་གཏང་དགོས་པ་དང་། ཕྲེང་བ་ནི་ལག་དང་འབྲལ་མེད་ཡིན། དེ་ནང་བཞིན་གཞུང་ཆེན་ཁག་ལ་གོམས་པ་མེད་པ་གསལ་བོ་རེད།

དོགས་སློང་བརྒྱད་པ། ཁ་ཅིག་གིས། ཀླད་པའི་བྱ་འགུལ་མཚམས་ཆད་ཀྱང་ཐུགས་དམ་ལ་བཞུགས་ཆོག་པ་དང་། ཤེས་པས་བྱ་བ་བྱེད་པ་རྩ་ཀླད་ལ་ལྟོས་པར་ཚན་རིག་པ་མ་ཟད་ང་ཚོས་ཀྱང་འདོད་དོ་ཟེར་བ་གཉིས་འགལ་ལམ་མི་འགལ། མ་གཞི་ཤེས་པ་ཡུལ་ལ་འཇུག་པར་རྩ་ཀླད་ལ་ལྟོས་པར་བཤད་པའི་གཞུང་ཚད་ལྡན་ཞིག་ཡོད་དམ། གཟུགས་མེད་དང་བར་སྲིད་པ་རྣམས་ལ་རྩ་དང་ཀླད་པ་ཡོད་དམ་མེད།

དོགས་སློང་བརྒྱད་པའི་ལན། ཀླད་པའི་བྱ་འགུལ་མཚམས་ཆད་ཀྱང་ཐུགས་དམ་ལ་བཞུགས་པ་དང་ཤེས་པས་བྱ་བ་བྱེད་པ་རྩ་དང་ཀླད་པ་ལ་ལྟོས་པ་གཉིས་འགལ་བ་མེད་ཚུལ་ནི། ཤེས་པ་ལ་ཕྲ་རགས་གཉིས་ཡོད་པ་གསང་སྔགས་ཀྱི་གཞུང་ཀུན་ལས་བཤད་ཅིང་། དེ་ཡང་རྒྱུན་ལྡན་ང་ཚོའི་རྒྱུད་ཀྱི་ཡུལ་ལོངས་སུ་སྤྱོད་པའི་སྒོ་ལྔའི་ཤེས་པ་དང་། ཡིད་ཀྱི་ཤེས་པ་རགས་པ་རྣམས་ཡུལ་ལོངས་སུ་སྤྱོད་པའི་སྐབས་སུ་རྩ་དང་ཀླད་པ་སོགས་ལ་འབྲེལ་བ་དང་། དེ་རྣམས་ཀྱིས་ཡུལ་རྟོགས་པའི་བྱ་བ་བྱེད་པའི་ཚེ་སྙིང་གའི་མི་ཤིགས་པའི་ཐིག་ལེ་གའུ་དཀར་དམར་ཁ་སྦྱོར་ལྟ་བུའི་ནང་དུ་གཉུག་རླུང་དང་གཉུག་སེམས་གཉིས་བག་ལ་ཉལ་བའི་ཚུལ་དུ་གནས་ཤིང་། ཐུགས་དམ་ལ་བཞུགས་པ་དང་། འཆི་ཁའི་གང་ཟག་ཕྱི་དབུགས་ཆད་ཅིང་ནང་དབུགས་མ་ཆད་པ་དང་། གཉིད་མཐུག་པོ་ཁུག་ཅིང་རྨི་ལམ་སྒྱུ་མའི་ལུས་སུ་ལྡང་བའི་སྐབས་སོགས་སུ་རྩ་དང་ཀླད་པ་ལ་དངོས་སུ་འབྲེལ་བའི་སྒོ་ལྔའི་ཤེས་པ་རགས་པ་དང་། ཡིད་ཤེས་རགས་པ་རྣམས་རྩ་དང་ཀླད་པ་ལ་འབྲེལ་ཐག་ཆད་ཅིང་ཡུལ་ལོངས་སུ་སྤྱོད་པ་མེད་ཀྱང་། དེའི་ཚེ་ཤེས་པའི་བྱ་འགུལ་ཀུན་ཆད་པ་ནི་མ་ཡིན་ཏེ། སྔར་གྱི་སེམས་རགས་པས་བྱ་བ་བྱེད་པའི་སྐབས་སུ་སྙིང་གའི་མི་ཤིགས་པའི་ཐིག་ལེའི་ནང་དུ་གཉུག་རླུང་དང་གཉུག་སེམས་བག་ལ་ཉལ་ཚུལ་དུ་ཡོད་པའི་ཕྲ་མོའི་རླུང་སེམས་གཉིས་ལྡང་ཞིང་ཡུལ་ལོངས་སུ་སྤྱོད་པའི་བྱ་བ་བྱེད་པ་ཡིན་པས། སྔར་གྱི་དྲི་བའི་ནང་འཁོད་ཀྱི་འགལ་བ་རྣམས་སྤང་ནུས་སོ།། གཟུགས་མེད་ཀྱི་གང་ཟག་ལ་རྩ་ཀླད་མེད་ཀྱང་། བར་སྲིད་པ་རྩ་ལྡན་དུ་ཁས་བླངས་པ་ལ་འགལ་བ་ཞིག་མེད་དོ།། སྔགས་གཞུང་ལས་ཞོན་པའི་རླུང་ནི་རྩ་དབུ་རྐྱང་རོ་གསུམ་ལས་ཡར་མར་རྒྱུ་བ་དང་རྣམ་ཤེས་ནི་རླུང་དེ་ལ་བཞོན་ཏེ་འགྲོ་བར་བཤད་ཅིང་། རྩ་གསུམ་གྱི་ཆགས་ཚུལ་ཡང་རྒྱབ་གཞུང་ལས་ཡར་སོང་ཞིང་སྤྱི་གཙུག་ལས་མར་གུག་ཅིང་རྩ་གསུམ་གྱི་ཡར་སྣེ་སྨིན་མཚམས་སུ་བསྡད་པར་བཤད་ཚུལ་དེ་ལྟར་ན། རྣམ་ཤེས་ནི་རྩ་དང་ཀླད་པ་ལ་འབྲེལ་བ་ཞིག་ཏན་ཏན་མཐོང་རྒྱུ་ཡོད་དོ།།