འདི་གའི་གསང་ཆེན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་ཁང་ནས་ཞྭ་དཀར་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་དཔལ་རྒྱལ་བ་སྨན་རི་གླིང་པའི་དཔེ་མཛོད་ཁང་གི་དབུ་འཛིན། རྣམ་དཔྱོད་ཀྱི་འཇུག་སྒོ་ཡངས་པའི་ཁྲི་གཡུང་དྲུང་མཆོག་ལ་རེ་སྐུལ་ཞུས་དོན་ལྟར། སྟོན་པ་རྫོགས་པའི་སངས་རྒྱས་༸རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་གསུངས་པའི་རིན་ཐང་གཞལ་དུ་མེད་པའི་གསུང་རབ་ཁག་དང་། དེ་བཞིན་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དག་གི་གསུང་མདོ་སྔགས་སེམས་གསུམ་གྱི་མ་ལག་ཚང་ཞིང་བྱུང་རབས་ཀྱི་ལོ་རྒྱུས་ལྡན་པ་སོགས། མདོར་ན་མདོ་སྔགས་རིག་གནས་སྣ་འདུས་ལས་གྲུབ་པའི་བརྩམས་ཆོས་དང་གསུང་རབ་ཁག་དཔེ་དེབ་གྲངས་༣༦ ཐམ་པ་རིན་མེད་ཆོས་སྦྱིན་དུ་སྩལ་གནང་མཛད་སོང་བར་ཐུགས་རྗེ་ཆེ་ཞུ།

༄༅།། ལྷག་བསམ་རབ་ཏུ་དཀར་བའི་གསུང་འབུམ་སྡུད་སྒྲིག་ཁང་གི་འབྲེལ་ཡོད་ཡོངས་ཀྱིས་ལོ་མང་རིང་མི་རྒྱུ་གཉིས་ཐད་ནས་ངལ་བ་བརྒྱ་ཕྲག་དུ་མར་བརྟེན་པའི་འབྲས་བཟང་དུ། ཕྱི་ལོ་ ༢༠༡༩ ལོར་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ་ལོ་དྲུག་བརྒྱ་འཁོར་བའི་དུས་ཆེན་དང་བསྟུན་རིན་ཐང་གཞལ་དུ་མེད་པའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མཆན་སྦྱར་མ་དཀར་ཆག་དང་བཅས་པའི་པོད་ཆེན་བཞི་བཅུ་ཞེ་ལྔ་ཐམ་པ་ཐེངས་དང་པོའི་དཔར་སྐྲུན་ལེགས་གྲུབ་བྱུང་བར་ཡི་རང་བསྔགས་འོས་ཀྱི་གནས་དང་། མ་ཟད་འདི་ག་རྒྱུད་སྟོད་དཔེ་མཛོད་ཁང་དུའང་གསུང་འབུམ་ཆ་ཚང་དཔར་ཕུད་གནང་སོན་བྱུང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བཞིན་ཡོད།

ཐུགས་སྣང་བརྡ་འཕྲིན།