༄༅།། དད་པས་ཡིད་ཁམས་སྐྱོམ་པའི་རླབས་སྒྲ། དགེ་བཤེས་སྐལ་བཟང་བསྟན་སྐྱོང་། འདབ་ཡབ་པད་དཀར་བསླངས་འདྲའི་གངས་འདབ་ཀྱི་རི་སུལ།། སྔོ་ལྗང་ནགས་ཚལ་དྲ་བ་དྲ་ཕྱེད་ལྟར་མཛེས་ཤིང་། མཐའ་ཁྱེར་གཞུང་ལམ་རྡོ་རྗེའི་ཕྲེང་བ་ཡིས་བསྐོར་འདྲ།། འདུས་པའི་དཀྱིལ་འཁོར་མ་བྲིས་རང་བྱུང་གི་བཀོད་པ།། མཐོང་ན་ཉམས་སུ་དགའ་བའི་དྭངས་གཙང་གི་ཁོར་ཡུག།། མཇལ་ན་དད་པ་འཕེལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས།། ཐོས་ན་རྣ་དབང་འགུགས་པའི་འཆད་རྩོད་ཀྱི་སྒྲ་དབྱངས།། གནས་འདིར་དག་ཞིང་སླེབས་པའི་སྣང་བ་འདྲ་ཤར་སོང་།། དྲི་ཞིམ་སྣ་ཚོགས་འཐུལ་བའི་སྨན་རི་ཡི་ངོགས་སུ།། དཔྱིད་ཀྱི་ཕོ་ཉས་གཤོག་སྒྲོ་སྦྲང་ཆར་ལ་བཀྲུས་ནས།། ཡུན་རིང་མ་ཐོས་འགྱུར་བ་སྟོང་ལྡན་གྱི་གླུ་དབྱངས།། ད་ནངས་ཚོགས་ཀྱི་རོལ་དབྱངས་བར་གསེང་ནས་ཐོས་བྱུང་།། མདོ་རྒྱུད་ལྔ་རིག་གང་ལ་ཐོགས་བྲལ་གྱི་དབྱིངས་ལ།། མ་མཐོང་རྨོངས་པའི་སྤྲིན་ནག་རྒྱང་རིང་དུ་གཏོར་ཞིང་།། གདམས་ངག་ནམ་མཁའ་མཛོད་ཀྱི་སྒོ་འཕར་དེ་ཕྱེ་བ།། མཁས་མཆོག་བུ་སྟོན་འདྲ་བའི་བཤེས་གཉེན་ཞིག་མཇལ་སོང་།། ནང་དུ་འོད་གསལ་སྟོང་པ་བདེ་ཆེན་དང་སྦྱོར་བ།། ཕྱི་རུ་ཟབ་ཆོས་འཆད་པས་ཉིན་མཚན་དེ་འདའ་ཞིང་།། མདོ་སྔགས་གཉིས་ཀྱི་པོ་ཏི་ཕྱག་སོར་དང་མི་འབྲལ།། ཡོངས་རྫོགས་བསྟན་བདག་ཟེར་ན་འདི་འདྲ་རང་ཡིན་ནོ།། མདོ་སྔགས་གཤོག་ཟུང་རྒྱས་པའི་ཐང་དཀར་གྱི་རྒོད་པོས།། ཟབ་ལམ་རིམ་པ་ལྔ་ཡི་མཐོངས་ཚད་ལ་ལྡིང་དུས།། མིག་ལྤགས་གནམ་ལ་བཏེགས་ནས་ཡིད་སྨོན་གྱིས་བལྟས་པས།། བདག་ཀྱང་རྒོད་པོ་སྙམ་པའི་འདུ་ཤེས་ཤིག་སྐྱེས་སོང་།། དུས་གསར་རི་རབ་ཉིལ་འདྲའི་གནོན་ཤུགས་ཀྱི་འོག་ཏུ།། རྒྱལ་བསྟན་ཉམས་གུད་བསམ་གཞིག་སྨིན་མཚམས་སུ་བསྡུས་ཏེ།། སྙིང་དང་རུས་པའི་ཁོངས་ནས་ལར་ཞེན་གྱིས་ཕྱུག་ཅིང་།། ཐུབ་བསྟན་ཡུན་དུ་སྲིང་བའི་ཁུར་ཆེན་ཞིག་བཞེས་འདུག།། རྒྱབ་ལྗོངས་གནའ་དེང་རིག་པའི་ཁོར་ཡུག་དེ་བསྐྲུན་ཅིང་།། འགོས་ནས་མིག་ལྟོས་བཟང་བའི་རྒས་གཞོན་གྱི་གོ་རིམ།། མཇུག་ནས་གྲྭ་ཆུང་རྣམས་ཀྱིས་གུས་བཀུར་ཞིག་མཐོང་བས།། ཕ་ཤུལ་བུ་ཡིས་འཛིན་པ་ཐེ་ཚོམ་ཞིག་མི་འདུག། འདུལ་བའི་རྒྱ་ལས་མི་འདའ་ཆོས་ཁྲིམས་ཀྱི་མདུད་པ།། ཤིན་ཏུ་དམ་ན་དེང་རབས་སྐྱེ་བོ་རྣམས་འབྲོས་འགྲོ། ཧ་ཅང་ལྷོད་ན་སངས་རྒྱས་བཅས་པ་དང་འགལ་བས།། ཡུལ་དུས་འཚམ་པའི་སྒྲིག་ལམ་སྐྱོང་སྟངས་ལ་མཁས་པ།། ཞིམ་མངར་ལུས་ལ་འཕྲོད་པའི་བཟའ་བཏུང་ལ་རོལ་ཞིང་།། ལུས་སེམས་དལ་ལ་ཕབ་ནས་གནས་མལ་ལ་འཁོད་དེ།། འགྲེལ་པ་བཞི་སྦྲགས་གཞུང་ལ་ཐོས་བསམ་ཞིག་བྱས་པས། ལོ་གཅིག་ཞག་མ་གསུམ་གྱི་འདུ་ཤེས་ལས་མ་བྱུང་།། གནས་འདི་བསྐྱུར་བ་སྨྱོན་པའི་རང་གཤིས་སུ་ལགས་ཀྱང་།། མི་རེའི་ཐོད་པར་ལས་རིགས་རི་མོ་རེ་འཁོད་པས།། རེ་ཞིག་ཞིང་མཆོག་འདི་ནས་བྲལ་དགོས་ཤིག་བྱུང་ཡང་།། མ་འོངས་འདུས་པའི་གྲལ་ལ་ལྷན་འཛོམས་ཤིག་སྨོན་ཡོད།། ཆོས་དང་ཟང་ཟིང་གང་ལ་བཀའ་དྲིན་དེ་ཆེ་བས།། ནོམ་ཆེན་བདོག་པའི་དངོས་པོ་འབུལ་བ་ཞིག་མེད་ཀྱང་།། ཐ་སྙད་རིག་པ་སྨྲ་བའི་གྲལ་མཐའ་ལ་འཁོད་ནས།། བཀའ་དྲིན་གཏང་རག་ཡོན་དུ་སྙན་ཚིག་ཅིག་ཕུལ་ཡོད།། ཅེས་པ་འདི་བཞིན་སེར་ལྷོ་དགེ་བཤེས་སྐལ་བཟང་བསྟན་སྐྱོང་ངམ་པིར་མིང་དར་ལྕེ་ཟད་པོ་འབོད་པས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ལ་ཆོས་ཐོག་འགྲིམ་པའི་སྐལ་བཟང་གི་ཉི་མ་ཤར་སྐབས་ཆོས་དང་ཟང་ཟིང་གང་ལའང་དྲིན་ཆེན་པོས་བསྐྱངས་པས་ཆོས་སྒྲ་ཆེན་པོ་འདི་སྲིད་མཐའི་བར་དུ་དར་ཞིང་རྒྱས་པའི་སྨོན་འདུན་ཞུ།།

 

རྩོམ་པ་པོ།                                                                                                        དགེ་བཤེས་ངག་དབང་རྒྱལ་མཚན།

ར༷བ་འབྱམས་རྒྱལ་ཀུན་སྤྱི་གཟུགས་བླ་མ་དང་།། ར༷བ་མཛེས་སེང་ལྡེང་ནགས་ཀྱི་དགའ་མ་ལ།།
ར༷བ་དཀར་དད་དམ་གཙང་མས་སྐྱབས་གསོལ་ན།། ར༷བ་མྱུར་འཕྲིན་ལས་འཇུག་པ་མི་གཡེལ་མཛོད།།

སྐྱ༵བས་མཆོག་རྗེ༵་བཙུན་གངས་ཅན་མགོན་པོ་ཡི།། གསང་གསུམ་བདུད་རྩིའི་རྒྱུན་ཟ༵མ་མི་ཆད་པར།།
གདོ༵ང་དམར་གསོས་སུ་སྤེལ་བ་ལ་རི༵ན་བྲལ་གྱི།། མཛད་རྗེས་རྨད་པོ༵་ཆེ༵་ལ་གུས་ཕྱག་འཚལ།།

བློ༵་གྲོས་རྣམ་དཔྱོད་བཟ༵ང་པོའི་རྩལ་རྫོགས་པས།། འཁྲུལ་བྲལ་གསེར་སྦྱངས་བཙོ་མའི་ལུང་རྟོགས་བསྟན༵།།
འཛི༵ན་སྐྱོང་སྤེལ་ལ་འགྲན་ཟླ་ཀུན་བྲལ་བ།། ཆོ༵ས་ཀྱི༵་རྒྱ༵ལ་མཚ༵ན་སྒྲེང་ལ་གསོལ་བ་འདེབས།།

གོང་མའི་སྐྱེ༷་ཕྲེ༷ང་རོལ་པའི་མཚོ་ཆེན་ལས།། ཉེ་བར་འཁྲུ༵ངས་པའི་སྐྱེ་བ་ལྔ༷་པ༷འི་སྒྲ།། 
སྲིད་པའི་ཁྱོན་དུ་ལྡིར་བའི་ཚེ༵ས་བཟང་ལ།། གུས་པས་བསུ༵་ལ་དཔྱོད་ལྡན་སུ་ཞིག་བཤུང་།།

གསུམ་ལྡན་ངུར་སྨྲིག་གུར་གུམ་གཞོན་ནུའི་དཔལ།། ལྷན་སྐྱེས་ཚུལ་ཁྲིམས་དྲི་ངད་ལྡང་བ་ཡིས།།
འདུལ་འཛིན་ར་ཡིག་གཉིས་པ་ཚིམ་བྱེད་པའི།། ཞི་དུལ་མཐོང་བ་དོན་ལྡན་ཁྱོད་ཀྱི་སྐུ༵།།

མདོ་སྔགས་རིག་གནས་གཙུག་ལག་གང་ལ་ཡང་།། མཁས་པའི་དབུས་སུ་ཆགས་ཐོགས་མི་མངའ་བར།།
སྨྲ་བ་ཟླ་མེད་ངག་གི་དཔལ་ཐོབ་པའི།། སྙན་འཇེབས་ཐོས་པ་དོན་ལྡན་ཁྱོད་ཀྱི་གསུ༵ང་།།

མཁྱེན་པའི་ཕ་མཐའ་ཀུན་གསལ་ཁྱོན་ལས་བརྒལ།། བརྩེ་བའི་གཏིང་མཐའ་རྒྱ་མཚོའི་ཀློང་ལས་ཟབ།།
ནུས་པའི་སྟོབས་ཤུགས་གནམ་ལྕགས་ཐོག་ལས་ཚ།། མཁྱེན་བརྩེ་དྲན་པ་དོན་ལྡན་ཁྱོད་ཀྱི་ཐུ༵གས།།

ཐུན་མོང་འཇིག་རྟེན་ཐ་སྙད་རིག་པ་ནས།། ཐུན་མིན་དམ་ཆོས་གསང་བ་སྔགས་ཀྱི་བར།།
རབ་འབྱམས་གཞུང་ལ་གུས་རྟག་སྦྱོར་བ་ཡིས།། ཐོ༷ས་པ་རྒྱ་མཚོའི་ཕ་རོལ་སོན་པར་མཛད།།

གཞུང་ལུགས་མང་ཐོས་རིན་ཆེན་འབྱུང་བའི་གནས།། ཉོན་མོངས་ཚ་གདུང་སེལ་བའི་བསང་གཏོར་དུ།།
དྲི་མེད་རྣམ་དག་རིགས་བཞིའི་སྐྱ་བར་ནས།། བས༷མ་བྱུང་བློ་ཡིས་སྒྲོ་འདོགས་ཆོད་པར་མཛད།།

རྩེ་གཅི༷ག་བརྩོན་པའི་གཞུང་དོན་བསམ་འཕེལ་ནོར།། དོན་གཉི༷ས་དགོས་འདོད་ཆར་རྒྱུན་བསྙིལ་བའི་ཕྱིར།།
སྒོ་གསུ༷མ་འཕགས་རིགས་བཞི་ཡི་རྣལ་འབྱོར་གྱིས།། སྒོམ༷་པའི་ཉམས་རྟོགས་ཀློང་དུ་རྡོལ་བར་མཛད།།

མདོ་སྔགས་གཞུང་ལུགས་སྤྱི་དང་པཎ་གྲུབ་ཀྱི།། གཞུང་ཆེན་ཟབ་བརླིང་དཀའ་གནད་མདུད་པའི་རྒྱ།།
ལུང་རིགས་གསེར་གྱི་ཐུར་མས་འགྲོལ་བ་ལ།། འཆ༷ད་པ་ལེགས་བཤད་སྐྱེས་ཀྱི་ངག་སྒོ་ཡངས།།

ཆོས་དང་འཇིག་རྟེན་ཁྱད་པར་ཕྱི་ནང་གི། གཞུང་ལུགས་གང་ལའང་མ་རྟོགས་ལོག་རྟོག་གི།།
རྒོལ་ངན་འཆིང་ཐག་དུམ་བུར་གཅོད་པ་ལ།། རྩོ༷ད་པ་ཤེས་རབ་རལ་གྲིའི་སོ་ཁ་རྣོ།།

སྣ་ཚོགས་གཞུང་དོན་པུན་ཌ་རི་ཀའི་ཕྲེང་།། སྡེབ་ལེགས་ཚིག་གི་སྲེད་བུ་ལ་བརྒྱུས་ཏེ།།
མཁས་པ་མགུ་བའི་རྒྱན་དུ་སྤེལ་བ་ལ།། རྩོ༷མ་པ་རྒྱུད་སྟོང་པི་ཝང་སྙན་ཞིང་འཇེབས།།

ཐུན་མོང་ལེགས་སྦྱར་བརྡ་སྤྲོད་རིག་གནས་དང་།། ཐུན་མིན་མདོ་སྔགས་གསུང་རབ་གང་ལ་ཡང་།།
ཆགས་ཐོགས་མི་མངའ་ནང་བྱན་ཆུད་པ་ཡི།། མཁ༷ས་པའི་ཡོན་ཏན་མཧཱ་པཎྜི་ཏ།།

སྡོམ་གསུ༷མ་བཅས་མཚམས་ཕྲ་མོ་སྲོག་བཞིན་དུ།། དུས་གསུ༷མ་དྲན་ཤེས་བག་ཡོད་རྣལ་འབྱོར་གྱིས།།
སྒོ་གསུ༷མ་ཞི་ཞིང་དུལ་བ་ཤཱཀྱའི་སྲས།། བཙུ༵ན་པའི་ཡོན་ཏན་འདུལ་བ་འཛིན་པའི་མཆོག།།

ལུས་སྲོག་ལོངས་སྤྱོད་གང་ལའང་མི་བལྟ་བར།། བཤེས་གཉེན་མདུན་སར་རྟག་ངུའི་བརྟུལ་ཞུགས་ཀྱིས།།
བསྟན་འགྲོའི་དོན་ཆེན་ངལ་མེད་ལྷུར་ལེན་པ།། བཟ༵ང་པོའི་ཡོན་ཏན་བསྟན་འཛིན་ཀུན་གྱི་རྒྱན།།

གངས་ཅན་མགོན་པོ་གངས་དཀར་ཏི་སེ་ལས།། འབབ་པའི་གསང་གསུམ་མི་ཟད་གང་གཱ་མ།།
ཁྱོད་ཀྱི་རྣམ་དཔྱོད་ཛ་ཧུས་ཀྱིས་དྲངས་ཏེ།། གངས་ཅན་སྐལ་ལྡན་ཤིང་རྟའི་གསོས་སུ་སྤེལ།།

ཕྱི་ནང་རིག་གཞུང་པདྨའི་ཁ་སྒོ་ལས།། ཡོན་ཏན་སྦྲང་རྩི་བཞིབ་པའི་བུང་བའི་ཁྱུས།།
གནའ་དེང་རིག་པའི་གཤོག་རླབས་ནོར་འཛིན་ཁྱོན།། བརྡལ་བའི་ཝཱར་ཎ་མཐོ་སློབ་སྐྱེད་ཚལ་བསྐྲུན།།

གངས་ཅན་ལྗོངས་ཀྱི་བསྟན་སྲིད་རིག་བྱེད་གཞུང་།། ཆེས་ཆེར་རྒུད་དེ་སྙིགས་མའི་མཚོར་བྱིང་ཚེ།།
ཐུགས་བསྐྱེད་སྨོན་ལམ་གྲུབ་པ་རུ་སྦལ་གྱིས།། འདེགས་མཁན་ཁྱབ་འཇུག་མདུན་ན་འདོན་པའི་གཙོ།།

རྒྱལ་བའི་དགོངས་གཞི་ཡང་དག་མང་གཙོའི་གཞུང་།། ལུགས་གཉིེས་ཁྲིམས་ཀྱིས་དབང་བསྒྱུར་ཚད་ལྡན་ཆེད།།
བཅའ་ཁྲིམས་གསེར་གྱི་གཉའ་ཤིང་གཏན་ལ་ཕབ།། ཁྲིམས་ལུགས་ཡབ་ཆེན་དམ་པའི་མཚན་གནས་བཞེས།།

མ་འོངས་བོད་ཀྱི་སོན་རྩའི་མདུན་ལམ་ཆེད།། ཕ་མེས་སྐད་ཡིག་རིག་གཞུང་སྲོག་རྩ་རུ།།
བཟུང་བའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་དང་།། དཔེ་ཟླ་བྲལ་བའི་དཔེ་སྟོན་སློབ་གྲྭ་བཙུགས།།

རང་དབང་གསེར་གྱི་ཉི་གཞོན་བསུ་བའི་ཆེད།། རྒྱལ་བའི་ཐུགས་རེ་འབངས་ཀྱི་ཡིད་ཆེས་དང་།།
ཉིད་ཀྱི་ཤེས་འཇོན་ལྷག་བསམ་སྙིང་སྟོབས་ཀྱིས།། མངས་ཀྱིས་བཀུར་བའི་བཀའ་ཁྲི་ཐོག་མ་བཞེངས།།

མི་རིགས་རིག་གཞུང་གཉན་འཕྲང་མྱུར་སྐྱོབ་ཆེད།། རྒྱལ་བའི་དགོངས་གཞི་གཉིས་སྨན་དབུ་མའི་ལམ།།
མཐའ་བརྒྱད་བྲལ་བའི་ཡང་དག་སྲིད་བྱུས་སུ།། ཞིབ་གསལ་གཏན་འབེབས་ཐུབ་པ་ཁྱོད་ཀྱི་དྲིན།།

ཁྱོད་ཐུགས་མཁྱེན་བརྩེ་ལྷ་ཡི་རྫིང་རིང་ལས།། ཟབ་རྒྱས་ལེགས་བཤད་རྟ་བདུན་ཟེར་བརྒྱ་ཡིས།།
ཕྱེ་བའི་གསེར་མདོག་བསྟན་འཛིན་གུར་གུལ་ཚལ།། ཡངས་པའི་ས་ཆེན་དོག་པོར་འགེངས་པར་མཛད།།

སྟོབས་འབྱོར་མངའ་ཐང་རྒྱས་པ་རྒྱ་གར་གྱི།། གྲགས་ཅན་གཞུང་སྒེར་ཚོགས་སྡེ་སོ་བརྒྱད་ཀྱིས།།
ཆེས་མཐོའི་གོ་འཐོབ་ཕུལ་ཏེ་བཀུར་ན་ཡང་།། ཁེངས་བྲལ་དམན་སའི་བརྟུལ་ཞུགས་འཛིན་པ་མཚར།།

འཛམ་གླིང་སྐད་ཡིག་ཀུན་གྱི་རབ་དང་ཕུལ།། ལེགས་སྦྱར་མཉམ་དུ་དཔུང་པ་མཉམ་གཤིབས་ཀྱིས།།
བགྲོད་པའི་ནུས་པ་བོད་ཡིག་ཁོ་ན་ལས།། མེད་པའི་སྒྲུབ་བྱེད་རྣམ་དག་ཁྱོད་ཀྱིས་བཀོད།།

མཚན་སྙན་གྲགས་སྐམ་འཕོངས་ཕྱིས་རྡོ་བ་བཞིན།། ཆོས་བརྒྱད་སྲང་ལམ་ཁྲོད་དུ་བསྐྱུར་བས་ན།།
གཞུང་སྒེར་གང་གིས་ཆེ་བསྟོད་གཟེངས་རྟགས་རིགས།། ཐབས་ཀྱིས་འབུལ་བཞེས་གནང་ཀུན་དབེན་པར་སྦས།།

རྣམ་དཔྱོད་ལྡན་པའི་རྒྱ་གར་མཁས་པ་ཡིས།། བསམ་སྦྱོར་ངན་པའི་རིགས་ལ་ཕྱི་ཤུན་མཁྲེགས།།
དད་གུས་ལྷག་བསམ་ཅན་ལ་ནང་སྙིང་མངར།། བེ་ཏའི་ཤིང་བཞིན་བསྔགས་པ་ངོ་མཚར་ཆེ།།

ཟམ་གདོང་གསེར་གྱི་ཉི་མ་འོད་པོ་ཆེ།། གངས་ཅན་བསྟན་སྲིད་མཁའ་ནས་འཛུམ་པའི་རླབས།།
མ་བཟོད་དམར་པོའི་རིང་ལུགས་རྗེས་འབྲངས་ཀྱི།། ཐན་བྱ་ལོང་བས་སྐད་ངན་ཅི་ཡང་སྒྲོགས།།

དྲང་བདེན་གནས་ལུགས་རྟོགས་པའི་རྣ་བ་ཐུང་།། ཆོལ་ཆོས་རྨོངས་ཞེན་ནག་པོའི་རྔ་མ་སྦོམ།།
ངན་པ་ལག་སྦྲེལ་ཁྱི་སྤྱང་སྡང་ཟུག་གིས།། རི་ལུང་ཞི་བདེའི་ལྷིང་འཇགས་དཀྲོགས་པའི་ཚེ།།

རྣམ་དཔྱོད་གཡུ་རལ་མཁའ་ལ་གསིག་བཞིན་དུ།། གཟུར་གནས་བདེན་གཏམ་གད་རྒྱངས་ཐེངས་གཅིག་གིས།།
སྨྲ་ངན་རི་དྭགས་སྙིང་རྩ་འདར་བྱེད་པའི།། སྨྲ་བའི་སེང་ཆེན་ཁྱོད་ལས་གཞན་ན་གང་།།

རྣམ་དཔྱོད་བློ་ཡི་དམིགས་བུ་མ་ཐོབ་ཅིང་།། ཕྱོགས་ལྷུང་གདོན་གྱིས་གྱ་ཚོམ་རྒྱུགས་པ་འགས།།
ལོག་བཤད་སྒྲོ་སྐུར་མདའ་མཚོན་རྒོད་ན་ཡང་།། འབིགས་པར་མི་ནུས་རྡོ་རྗེའི་བྲག་རི་བཞིན།།

མཁྱེན་པའི་མཁའ་ལ་བརྩེ་བའི་ཆུ་ཁུར་བརྩིགས།། སྐལ་ལྡན་གདུལ་བྱ་དབྱིག་གི་བློ་གྲོས་མར།།
ཟབ་རྒྱས་ཆོས་ཆར་རྟག་ཏུ་འཇོ་བ་ཡིས།། བསྟན་འཛིན་གསེར་གྱི་མྱུ་གུ་ཁྱོད་ཀྱིས་བསྐྲུན།།

ཆབ་དཔལ་རིག་ཆོས་གང་ལས་བརྩམས་པ་ཡི།། ཁྱོད་ཀྱི་ལེགས་བཤད་ཉི་གཞོན་འབུམ་གྱི་གཟི།།
རྨོངས་ཞེན་མིག་སེར་ཅན་ལ་མི་མཛའ་ཡང་།། དཔྱོད་ལྡན་པདྨོ་དགའ་བའི་འཛུམ་རྒྱ་གྲོལ།།

མདོར་ན་ཡུལ་དུས་གནས་སྐབས་གང་ལ་ཡང་།། རྒྱལ་བས་ཇི་ལྟར་བསྒོ་བ་ཤར་བསྐྱོད་ཀྱིས།།
བསྟན་སྲིད་དོན་དུ་སྐུ་ཚེ་གཏོང་མཛད་པ།། སུས་ཀྱང་འགྲན་དུ་མེད་པའི་མཛད་བཟང་ཡིན།།

དེ་ལྟར་སྐྱབས་མཆོག་ཁྱོད་ཀྱི་སྐུ་གསུང་ཐུགས།། ཡོན་ཏན་འཕྲིན་ལས་མཛད་བཟང་རྒྱ་མཚོ་ལས།།
དད་གུས་ཀུ་ཤའི་རྩེ་མོས་ཆུ་ཐིགས་ཙམ།། སྤེལ་བའི་རྣམ་དཀར་ཟླ་བའི་རྗེས་འགྲོ་དེས།།

ཚེ་རབས་ཀུན་ཏུ་ཐེག་མཆོག་བཤེས་གཉེན་དང་།། མི་འབྲལ་རྒྱལ་བའི་ཆོས་ཚུལ་ཀུན་བཟུང་སྟེ།།
རྟག་ཏུ་ངུ་དང་གཞོན་ནུ་ནོར་བཟང་ལྟར།། བཤེས་གཉེས་དམ་པ་མཉེས་པར་བྱེད་པར་ཤོག།།

ཅེས་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་དགུང་གྲངས་གྱ་གཉིས་སུ་ཕེབས་པའི་སྐུའི་འཁྲུངས་ཚེས་ལ་ཕུལ་བའི་བསྟོད་པ་བྱང་ཕྱོགས་སོ་བདུན་མཚོན་པའི་ཚིགས་སུ་བཅད་པ་སོ་བདུན་གྱི་བདག་ཉིད་ཅན་བདེན་གཏམ་གདོང་ལྔ་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། མགོན་པོ་གང་ཉིད་ནས་༸འཕགས་མཆོག་འཇིག་རྟེན་མགོན་པོས་ཇི་ལྟར་བསྒོ་བ་བཞིན་ཡིད་གཉིས་ཐེ་ཚོམ་མེད་པར་ཤར་བསྐྱོད་མཛད་ཅིང་། སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་ཀྱི་དོན་དུ་བཏང་དང་གཏོང་བཞིན་པའི་ངོ་མཚར་བའི་མཛད་བཟང་སུས་ཀྱང་འགྲན་དུ་མི་བཟོད་པའི་རྣམ་པར་ཐར་པ་དག་ལ་ཤེས་ནས་དད་པ་བརྟན་པོར་ཐོབ་པའི་སེར་ལྷོ་ལྷ་ལྡན་རབ་འབྱམས་པ་ཝཱ་གིནྡྲ་དྷྭ་ཛའམ་ངག་དབང་རྒྱལ་མཚན། མིང་གཞན་ཚངས་སྲས་ངག་གི་འདོད་འཇོར་འབོད་པས་རབ་གནས་ལྕགས་གླང་ཐ་སྐར་ཟླ་བ་སྔ་མའི་གྲལ་ཚེས་བཟང་པོར། རྒྱལ་བའི་ཕོ་བྲང་དང་ཉེ་བའི་དྷོ་ལ་དྷར་གྱི་གངས་རིའི་འདབས་རོལ་ཏུ་ཆགས་པའི་གསང་ཆེན་རིག་པ་འཛིན་པའི་ཆོས་ཀྱི་སྡེ་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་རང་ཤག་གཡུ་ལོ་དགའ་ཚལ་དུ་དད་གུས་རྩེ་གཅིག་པས་བྲིས་པའོ།། དགེ་ལེགས་འཕེལ།།