༄༅།། རྒྱལ་དང་རྒྱལ་སྲས་ཉན་རང་འཕགས་པ་དང་།། ལམ་བཟང་གསལ་མཛད་མཚན་ལྡན་དགེ་བའི་བཤེས།། རྒྱ་བོད་མཁས་གྲུབ་ལོ་པཎ་ཚོགས་རྣམས་ལ།། སྒོ་གསུམ་གུས་པ་ཆེན་པོས་རྟག་འདུད་ན།། བྱང་ཆེན་མ་ཐོབ་བར་དུ་བརྩེ་བས་སྐྱོངས།། འཇིག་རྟེན་མགོན་པོ་སྐུ་ཕྲེང་བཅུ་བཞི་པའི།། ནང་གི་ཐུགས་སྲས་ཟམ་གདོང་པཎ་ཆེན་གྱི།། གསོལ་འདེབས་ཏམ་བུ་ར་ཡི་སྒྲ་དབྱངས་འདི།། སྤེལ་ཕྱིར་ངག་དབང་ལྷ་མོ་དབྱངས་ཅན་མས།། བདག་གི་སྨྱུག་ཁ་མ་དཀྱོགས་དྲང་པོར་སྲུངས།། གང་གི་མཚན་དཔེ་མདོ་ཁམས་ཡུལ་དུ་བཞད།། གཞོན་ནུའི་དུས་ནས་དམ་པའི་རང་རྟགས་མངའ།། ཐ་སྙད་རིག་གནས་སྤྱན་རས་གཡོ་ཙམ་གྱིས།། ཚེགས་མེད་མཁྱེན་པས་བླ་ལྷས་བསྐུལ་བ་ལྟར།། མཁས་མང་བློ་གསལ་གླིང་གི་ཆོས་སྒོར་ཞུགས།། དེའི་ཚེར་རྟག་ངུས་ཆོས་འཕགས་བསྟེན་པ་ལྟར།། སྨྲ་བའི་ཁྱུ་མཆོག་མཁས་གྲུབ་དུ་མའི་ཞབས།། བསམ་སྦྱོར་གཉིས་ཀྱིས་ལེགས་པར་བསྟེན་མཛད་པས།། སྙན་པའི་གྲགས་པ་དབྱར་རྔར་འགྲན་པར་མཛད།། ཟམ་གདོང་རིགས་ཀྱི་བུ་ལ་གསོལ་བ་འདེབས།།

རྡོ་རྗེ་གདན་གྱི་མཆོད་སྡོང་ཆེན་མོའི་དྲུང་།། པད་དཀར་འཛིན་དང་ཡོངས་འཛིན་རྣམ་གཉིས་དང་།། མཁན་སློབ་གྲངས་ཚང་ཚོགས་པའི་མདུན་ས་རུ།། གཙུག་ཕུད་བྲེགས་ཏེ་རབ་བྱུང་བརྟུལ་ཞུགས་མཛད།། ཟམ་གདོང་ཤཱཀྱའི་སྲས་པོར་གསོལ་བ་འདེབས།། སོར་བྱང་སྔགས་གསུམ་སྡོམ་པ་མནོས་ནས་བཟུང་།། བཅས་མཚམས་སྲོག་ལས་གཅེས་པར་སྲུང་མཛད་པས།། པད་དཀར་འཆང་གིས་འཁོར་ཚོགས་རྒྱ་མཚོའི་དབུས།། འདུལ་འཛིན་ཆེན་པོའི་མཚན་སྙན་ཡང་ཡང་བསྩལ།། ཟམ་གདོང་ཡོན་ཏན་འོད་ལ་གསོལ་བ་འདེབས།། གདན་གསུམ་མཁས་པའི་ལྷ་རམས་གྲྭ་སྐོར་དང་།། གསང་ཆེན་སྟོད་རྒྱུད་སྔགས་རམས་དམ་བཅའི་སྐབས།། ཕས་ཀྱི་རྒོལ་བའི་ལོག་རྟོག་ཚང་ཚིང་ཀླུང་།། མཁྱེན་རབ་ཡེ་ཤེས་མེ་ཡིས་གཞོམ་པར་མཛད།། ཟམ་གདོང་འཕགས་པ་ལྷ་ལ་གསོལ་བ་འདེབས།། འཕགས་པའི་ཡུལ་དུ་ཞབས་ཀྱིས་བཅགས་མ་ཐག །ཌལ་ཧོར་བླ་སྤྲུལ་མཁན་སློབ་འདུས་ཚོགས་དང་།། ན་གཞོན་བོད་ཕྲུག་བརྒྱ་ཕྲག་དུ་མ་ལ།། གནས་ལྔ་རིག་པའི་བདུད་རྩིས་ཚིམ་པར་མཛད།། ཟམ་གདོང་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས།། རིམ་བཞིན་རྡོ་རྗེ་གླིང་དང་སིམ་ལ་རུ།། གཙུག་ལག་འཕྲུལ་གྱི་ལྡེ་མིག་བསྣམས་ནས་ཕེབས།། བགྲང་བྱ་བདུན་ལྷག་ཆོས་རིག་སྒོ་འཕར་ཕྱེས།། ཤེས་རིག་མེ་རོ་འགོ་ནས་གསོ་བར་མཛད།། ཟམ་གདོང་མུན་སེལ་སྒྲོན་མེར་གསོལ་བ་འདེབས།། མཁས་པའི་དབུས་སུ་སློབ་དཔོན་དབྱིག་གི་གཉེན།། བཙུན་པའི་དབུས་སུ་ཉན་ཐོས་ཤཱ་རིའི་བུ།། བཟང་པོའི་དཀྱིལ་དུ་དགྲ་བཅོམ་ཉེ་བར་འཁོར།། ཡོན་ཏན་ཀུན་འདུས་རིན་ཆེན་ཟ་མ་ཏོག །ཟམ་གདོང་འཕགས་ནོར་མཛོད་འཛིན་གསོལ་བ་འདེབས།། མཁྱེན་བརྩེའི་མཁའ་ལ་ལེགས་བཤད་ཆུ་འཛིན་འཁྲིགས།། ལྔ་རིག་ཆར་གྱིས་གདུལ་བྱའི་འཛིན་མ་བརླན།། མེས་པོའི་རྒྱུད་འཛིན་བློ་གསར་གཞོན་ནུ་ལ།། གནའ་དེང་ཤེས་རིག་འབྲས་བཟང་སྨིན་པར་མཛད།། ཟམ་གདོང་འཇིག་རྟེན་མིག་འབྱེད་གསོལ་བ་འདེབས།། ཝཱ་ར་ཎཱ་སིར་བགྲང་བྱ་སུམ་ཅུར་བཞུགས།། སྲིད་ན་དཀོན་པའི་མཐོ་རིམ་སློབ་ཆེན་བསྐྲུན།། ཕྱི་ནང་ལྟ་གྲུབ་སྣ་ཚོགས་ཀུ་མུད་ལ།། རིག་གནས་གསེར་གྱི་མེད་ཏོག་ཕྲ་ཚོམས་བཀོད།། ཟམ་གདོང་ཁྲི་སྲོང་ལྡེའུ་བཙན་གསོལ་བ་འདེབས།། མཛད་འཕྲིན་བརྒྱ་ཕྲག་དུ་མའི་བར་གསེང་ནས།། ༸རྒྱལ་བའི་བཀས་བསྐུལ་བཅའ་ཁྲིམས་ཟིན་བྲིས་བཀོད།། བོད་གཞུང་མང་གཙོའི་ཆ་ལག་གོང་འཕེལ་བཏང་།། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལས་ལྷག་པའི།། ཟམ་གདོང་དེད་དཔོན་ཆེན་པོར་གསོལ་བ་འདེབས།། ཕྱོགས་རིས་དུག་གི་མཚོ་ནང་མ་ལྟུངས་པས།། བདེན་རྫུན་ཚངས་པའི་ཐིག་གིས་འབྱེད་པ་ལ།། སྙིང་སྟོབས་བཙན་པོའི་གོ་ཆ་རབ་བགོས་ཤིང་།། འཇིགས་མེད་གསུང་དབྱངས་གདོང་ལྔའི་གད་རྒྱངས་འགྲན།། ཟམ་གདོང་སྨྲ་བའི་སེངྒེར་གསོལ་བ་འདེབས།། འཇིག་རྟེན་མགོན་པོས་ཐད་བསྐོས་སྤྱི་འཐུས་བསྐོས།། སྤྱི་མོས་འདེམས་ཐོན་ཚོགས་གཙོར་ཐེངས་གཉིས་བཞུགས།། བཅའ་ཁྲིམས་ལུགས་བཟང་གསར་གཏོད་བརྒྱ་ཕྲག་མཛད།། ལུགས་གཉིས་རྩིབས་སྟོང་གསེར་གྱི་འཁོར་ལོ་བསྐོར།། ཟམ་གདོང་མཛངས་བློན་སྟོང་བཙན་གསོལ་བ་འདེབས།། ཕྱོགས་ཞེན་ཆང་གིས་མྱོས་པའི་ཤོག་ཁག་དང་།། བ་གླང་བརྟུལ་ཞུགས་ཅན་གྱི་འཐུས་མི་དག །ཕོད་པ་གསུམ་གྱིས་ཚར་བཅད་ཚུར་འདུས་ཀྱིས།། མང་གཙོའི་དཔལ་ཡོན་ཡང་དག་ཁྲིམས་ཀྱིས་བསྐྱངས།། ཟམ་གདོང་ས་སྐྱོང་དབང་པོར་གསོལ་བ་འདེབས།། གདོང་དམར་གངས་ཅན་པ་ཡི་ལོ་རྒྱུས་སུ།། འབངས་ཀྱིས་བཀུར་བས་བཀའ་ཁྲི་དང་པོར་བཞེངས།། མཐའ་བྲལ་དབུ་མའི་རིགས་པའི་མཚོན་རྣོན་འཛིན།། ལོག་ལྟའི་བྲག་རྫོང་གཏན་ཚིགས་མདའ་མོས་གཏོར།། ཟམ་གདོང་འཁོར་ལོས་བསྒྱུར་རྒྱལ་གསོལ་བ་འདེབས།། བསྟོད་བཀུར་མིང་སྐམ་དགྱེས་ཚོར་མི་མཛད་པས།། སྣ་ཚོགས་གཟེངས་རྟགས་ཞལ་གྱིས་མ་བཞེས་ཀྱང་།། འགའ་ཞིག་ཐབས་ཀྱིས་ཕུལ་བས་བཞེས་ཚུལ་གྱིས།། དབེན་གནས་སྤྱིལ་བུ་ཞིག་གི་ཁུག་ཏུ་སྦས།། ཟམ་གདོང་ཆོག་ཤེས་མངའ་ལ་གསོལ་བ་འདེབས།། ཨ་སྒོར་རྒྱ་སྒོར་དོན་དུ་སྤྲེལ་ལད་དང་།། ཤར་ནུབ་མཛེས་མའི་རྐུབ་ནས་འདོད་སྲེད་ཀྱིས།། དམ་ཆོས་ཚོང་སྒྱུར་ལས་སུ་བྲེལ་མཁན་ཚོས།། བསྐལ་བརྒྱར་འགྲན་ཡང་ཆ་ཙམ་མི་བཟོད་པའི།། ཟམ་གདོང་གྲུབ་པའི་དབང་ཕྱུག་གསོལ་བ་འདེབས།། སྙིགས་ལྔའི་རང་མཚང་རྡོལ་བའི་ཤི་གསོན་འགས།། རིས་གཅོད་བསམ་བློས་དུག་གི་ས་བོན་བཏབ།། རང་གཞན་ཕལ་ཆེར་ཆགས་སྡང་ཆང་གིས་མྱོས།། ཁྱེད་ཐུགས་གཡོ་མེད་རྡོ་རྗེའི་གཤིས་སུ་གྲུབ།། ཟམ་གདོང་ཕྱོགས་ལས་རྣམ་རྒྱལ་གསོལ་བ་འདེབས།། སྣང་སྲིད་ཐམས་ཅད་དགྲ་ཟླར་གྱུར་ན་ཡང་།། ༸རྒྱལ་བའི་བཀའ་དགོངས་ཆ་ཤས་ཙམ་རེ་ལའང་།། བསྒྲུབ་པར་བརྩོན་འགྲུས་རྟ་མཆོག་ཁ་ལོ་དེ།། སྙིང་སྟོབས་སྲབ་སྐྱོགས་ནམ་ཡང་མི་ལྷོད་པའི།། ཟམ་གདོང་སྙིང་སྟོབས་ཅན་ལ་གསོལ་བ་འདེབས།། ཕྲག་དོག་རླུང་གིས་ཡུལ་ཁམས་དཀྲུགས་ན་ཡང་།། བ་སྤུ་ཙམ་ཡང་གཡོ་བ་མི་མཛད་ཅིང་།། ལྷག་པར་དེ་ཀུན་བྱམས་དང་སྙིང་རྗེ་དང་།། མཉེས་གཤིན་ཡིད་འོང་ཐུགས་ཀྱིས་གཟིགས་པར་མཛད།། ཟམ་གདོང་སྙིང་རྗེའི་རང་གཟུགས་གསོལ་བ་འདེབས།། སྐྱེ་བོ་ཕལ་ཆེར་ལོག་ལམ་འཕྱན་པའི་དུས།། ལུགས་གཉིས་མཁྱེན་པའི་སྤྱན་དཀྱུས་རིང་པོའི་འོག །གནས་སྐབས་མཐར་ཐུག་འདི་ཕྱིའི་ལམ་བཟང་གི །སྐལ་ལྡན་སྨིན་གྲོལ་ལ་ལ་འགོད་མཁས་པ།། ཟམ་གདོང་བསྟན་པའི་ཉིན་བྱེད་གསོལ་བ་འདེབས།། ཙི་ནའི་ཡུལ་དུ་ཕོ་ཉ་ཐེངས་དགུར་བརྫངས།། ༸རྒྱལ་བའི་དགོངས་གཞིའི་བཀའ་ཡིག་གསེར་ཐམ་ཕབ།། སྨོན་ལམ་ལོག་པའི་རང་གཞན་སྡེ་པ་ཡི།། ལོག་པའི་སྨྲ་ལྕེ་ཤེས་རབ་མཚོན་གྱིས་བཏུབ།། ཟམ་གདོང་ཁམས་གསུམ་དབང་སྡུད་གསོལ་བ་འདེབས།། སྤྱི་པའི་ཡོང་ཁུངས་སྒེར་གྱི་འཚོ་ཐབས་གྱུར།། བཙན་བྱོལ་བོད་གཞུང་བུ་ལོན་དོང་དུ་ལྷུང་།། གཞུང་ཞབས་དག་ནི་ཕོག་ཐོབ་ཆད་ལ་ཉེ།། ཉམ་ཆུང་མགོ་ཐོག་བཙན་པོས་འགྱིང་བའི་དུས།། ཟམ་གདོང་གཤིན་རྗེའི་ཉ་གར་གསོལ་འདེབས།། མ་འོངས་གངས་ཅན་པ་ཡི་ཚེ་དང་སྲོག །ཤེས་ཡོན་སྲིད་ཇུས་གསར་པ་གཏན་ལ་ཕབ།། མེས་དབོན་དཔེ་སྟོན་སློབ་གྲྭ་གསར་དུ་བཙུགས།། ལུགས་གཉིས་ཤེས་རིག་པདྨའི་ཚལ་ཆེན་བསྐྲུན།། ཟམ་གདོང་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།། ང་ཆེ་ང་བཙན་འདོད་པའི་རང་བརློམས་ལས།། བྱུང་བའི་བསམ་སྦྱོར་དུག་སྦྲུལ་ལྕེ་གཉིས་ཀྱི།། རིགས་སུ་གཏོགས་པའི་ཆེན་པོའི་ཆེན་པོ་དག །མགོ་བོར་ཞབས་ཀྱིས་ཡང་ཡང་འཆག་པའི་ཚེ།། ཟམ་གདོང་གཤིན་རྗེའི་གཤེད་ལ་གསོལ་བ་འདེབས།། དོལ་ཚོགས་འདྲེ་ལག་དགྲ་ལ་རྐྱོང་དང་ལྷན།། རྒྱལ་བའི་སྐུ་ལ་ངན་སེམས་འཆང་བའི་དུས།། སྐྱེ་འཆི་ཐེངས་གཅིག་ཡིན་ལུགས་བརྡ་སྟོན་གྱིས།། ཡངས་པའི་ས་ཆེན་སྒུལ་བའི་སྙིང་ཁམས་ཅན།། ཟམ་གདོང་སྣང་སྲིད་ཟིལ་གནོན་གསོལ་བ་འདེབས།། འཆད་པའི་རྣམ་དཔྱོད་དཔལ་ལྡན་ཟླ་བ་དང་།། རྩོད་པའི་རིགས་རྩལ་ཆོས་ཀྱི་གྲགས་པའི་ཞབས།། རྩོམ་པའི་མཁྱེན་རབ་སློབ་དཔོན་དཔའ་བོ་དངོས།། མཁས་པའི་བྱ་བ་མ་ལུས་མངའ་བརྙེས་པ།། ཟམ་གདོང་མཧཱ་པཎ་ཆེན་གསོལ་བ་འདེབས།། འཕགས་པའི་ཡུལ་གྱི་བཤད་སྒྲུབ་འདུས་སྡེ་དང་།། ཆེན་པོ་ཧོར་སོགས་འཛམ་གླིང་ཤར་ནུབ་ལ།། མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་མན་ངག་སོགས།། འབུམ་ཕྲག་ཟབ་རྒྱས་ཆོས་ཆར་འབེབ་མཛད་པའི།། ཟམ་གདོང་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས།། ལྷག་པར་རྒྱ་གར་མཁས་པའི་ལེགས་བཤད་ཀྱི།། དཀའ་གནད་མདུད་བརྒྱ་རིགས་པས་དཀྲོལ་བ་ལ།། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པས།། བསམ་བཞིན་སྲིད་པར་བཟུང་བའི་ངང་ཚུལ་ཅན།། ཟམ་གདོང་མཁྱེན་པའི་གཏེར་ཆེན་གསོལ་བ་འདེབས།། ལེགས་སྦྱར་ལྷ་ཡི་སྐད་དང་ཧིན་དྷིའི་སྐད།། ཨིན་སྐད་ལ་སོགས་སྐད་རིགས་ཆེན་པོ་དང་།། སྒྲ་སྙན་མངོན་བརྗོད་སྡེབ་སྦྱོར་ཐ་སྙད་གཞུང་།། རྒྱལ་རབས་ཆོས་འབྱུང་མཁྱེན་རྩལ་ཀློང་རྡོལ་བ།། ཟམ་གདོང་གཙུག་ལག་རྒྱ་མཚོར་གསོལ་བ་འདེབས།། ཆབ་དཔལ་རིག་གསུམ་སྟོབས་དང་དབང་འབྱོར་སོགས།། སྲིད་ན་གྲགས་པའི་རྒྱ་གར་སྲིད་གཞུང་གི །གཞུང་སྒེར་ཚོགས་སྡེ་སུམ་ཅུ་རྩ་བརྒྱད་ཀྱིས།། སྣ་ཚོགས་གོ་ཐོབ་འབུལ་ཡུལ་སེམས་དཔའ་སྟེ།། ཟམ་གདོང་སྲིད་གསུམ་དབང་བསྒྱུར་གསོལ་བ་འདེབས།། རྒྱ༷ལ་མཆོག་ཕྱག་ན་པདྨོ་གཙུག་ཏུ་བཀུར།། རྒྱ༷ལ་བའི་མདོ་རྒྱུད་གཞུང་ལ་ཐོས་བསམ་གནང་།། རྒྱ༷ལ་སྲས་སྤྱོད་པ་རྒྱ་མཚོར་ཐུགས་དམ་མཛད།། རྒྱ༷ལ་བ་དགྱེས་པའི་མཆོད་སྤྲིན་གྲངས་མེད་སྤྲོས།། རྒྱ༷ལ་སྲས་སེམས་དཔའ་ཆེན་པོར་གསོལ་བ་འདེབས།། སྡེ་སྣོད་གསུ༷མ་ལ་མཁས་པའི་མཁྱེན་རྩལ་རྒྱས།། བསླབ་པ་གསུ༷མ་ལ་གྲུབ་པའི་ཉམས་རྟོགས་མཐོ།། སྡོམ་པ་གསུ༷མ་ལ་ཉེས་པའི་དྲི་མ་བྲལ།། ལམ་གཙོ་གསུ༷མ་ལ་སྒོམ་པའི་ཉམས་བཞེས་རྨད།། ཟམ་གདོང་བསྟན་པའི་རྒྱལ་མཚན་གསོལ་བ་འདེབས།། མདོར་ན་གང་གི་རྨད་བྱུང་རྣམ་པར་ཐར།། བདག་ལྟའི་སྨྲ་བརྗོད་ཡུལ་དུ་མ་མཆིས་ཀྱང་།། དད་གུས་གསོས་སུ་ཅུང་ཟད་སྤེལ་བ་ལས།། འདི་ཕྱིའི་བསོད་ནམས་བགོ་སྐལ་ཐོབ་པས་སྤྲོ།། ཅུང་ཟད་འབད་པའི་རྣམ་དཀར་དགེ་ཚོགས་ཀུན།། རྒྱལ་མཆོག་ཡབ་སྲས་རྣམ་གཉིས་གཙོ་བྱས་པའི།། རིས་མེད་བསྟན་ལ་ལྷག་བསམ་དཀར་བ་ཡིས།། འགྲོ་ཀུན་བདེ་སྐྱིད་དཔལ་ལ་འགོད་མཛད་པའི།། དམ་པའི་མགོན་རྣམས་སྐུ་ཚེ་བརྟན་ཕྱིར་བསྔོ།། ཞེས་པ་འདི་བཞིན་༸འཕགས་མཆོག་འཇིག་རྟེན་མགོན་པོས་ནང་གི་ཐུགས་སྲས་སུ་བདག་གིར་མཛད་པའི་ངེས་དོན་གྱི་སེམས་དཔའ་ཆེན་པོ་སྟེ། དོན་གྱི་སླད་དུ་མཚན་ནས་དངོས་སུ་སྨོས་ན་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག །དགུང་གྲངས་བརྒྱད་བཅུར་ཕེབས་པ་དང་བསྟུན། གང་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོ་བསྟན་སྲིད་སྤྱིའི་བདེ་རྩ་འབའ་ཞིག་ལ་བཏང་དང་གཏོང་བཞིན་པ་དང་། ལྷག་པར་དུ་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོས་ཕྱག་མཛུབ་གང་བཙུགས་ཤར་ཟེར་བའི་དཔེ་ལྟར་དབུ་འོག་དཔུང་འདེགས་ཀྱིས་ཆོས་སྲིད་ལུགས་གཉིས་ཀྱི་ཞུ་སྒོ་མཐའ་དག་གཞན་དྲིང་མི་འཇོག་པའི་སྒོ་ནས་ཞུས་ཤིང་། དེ་དག་གི་བརྒྱུད་རིམ་ལས་གང་ཉིད་ཀྱི་མཁས་མཛངས་མཁྱེན་དཔྱོད་དང་། ལྷག་བསམ་དྲང་བདེན། ཕོད་པ་གསུམ་ལྡན་གྱི་མཛད་སྤྱོད་དག་ལས་བྱུང་བའི་བསྟན་སྲིད་གང་ཐད་ནས་སུས་ཀྱང་འགྲན་དུ་མི་བཟོད་པའི་མཛད་བཟང་བརྒྱ་ཕྲག་དུ་མ་བསྐྲུན་པར་དཔྱོད་ལྡན་ཀུན་གྱིས་བསྙོན་མི་ནུས་པའི་རྣམ་པར་ཐར་པ་དག་ཤེས་ནས་དད་པ་བརྟན་པོར་ཐོབ་པའི་འབྲས་སྤུངས་བློ་གསལ་གླིང་གི་གྲྭ་མིང་འཇམ་གཅེས་སམ་ལྷ་རྒོད་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༨ ཉིན་གསང་ཆེན་རིག་པ་འཛིན་པའི་ཆོས་ཀྱི་སྡེ་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་རང་ཤག་ནས་ཡིད་རབ་ཏུ་དང་བས་བརྟས་ཏེ་སྤེལ།