༄༅།། ཉིན་མཚན་མེད་པར་རྒྱུད་དོན་འཛིན་ལ་བྲེལ།།
འཇིག་རྟེན་གསུམ་གྱི་རིན་ཆེན་གཅིག་པུ་ཉིད།།
རྒྱུད་རྒྱལ་འདུས་པའི་གཞུང་གི་འཆད་ཉན་དང་།།
བྱིན་ཆགས་ངོ་མཚར་ཆེ་བའི་སྒྲུབ་མཆོད་རྣམས།།
ཕན་ཚུན་འགྲན་པ་བཞིན་དུ་རེས་ཀྱིས་འཁོར།།
འདུས་སྡེ་དེ་ཡི་ཁྱམས་དང་ཉེ་འཁོར་ཀུན།
འབྲས་ལྡན་ཤིང་དང་མེ་ཏོག་སྣ་ཚོགས་པའི།།
ཡིད་འོང་སྐྱེད་ཚལ་བསྐྲུན་པའི་བར་མཚམས་ནས།།
གཙང་མའི་གངས་ཆབ་ཕྱོགས་ནས་ཕྱོགས་སུ་རྒྱུ།།
འདོད་ཡོན་སྲིན་མོའི་འཛུམ་གྱི་བཞིན་རས་ལ།།
མ་ཆགས་བག་ཡོད་སྤྱོད་པས་ལེགས་བསྡམས་ཀྱང་།།
ཆོས་དང་མཐུན་པའི་ཡང་དག་འཚོ་བ་ལ།།
ཉིན་བཞིན་ཅི་དགར་སྤྱོད་པའི་དུས་སྟོན་དར།།
མདོར་ན་སྲིད་པའི་ཕུན་ཚོགས་མ་ལུས་པ།།
གླིང་འདིར་ཉེ་བར་ལྷགས་པ་ལྟ་བུ་འདིའི།།
ངོ་མཚར་བཀོད་པ་ཡིད་ཀྱིས་བསམ་དཀའ་ན།།
ཕལ་པའི་ཚིག་གིས་མཚོན་པར་ག་ལ་ནུས།།
རྨད་བྱུང་བཀྲ་ཤིས་དགེ་མཚན་རབ་བཞད་པའི།།
གསང་ཆེན་སྔགས་ཀྱི་བཤད་གྲྭ་ཆེན་པོ་འདིར།།
ཞུགས་ནས་རྒྱུད་དོན་ཐོས་བསམ་སྐལ་བཟང་ཡང་།།
ལྷ་གཅིག་ཕྱག་ན་པདྨོའི་འཕྲིན་ལས་ཉིད།།
མཚུངས་མེད་རྒྱལ་བ་གཉིས་པ་ཡབ་སྲས་དང་།།
རྒྱུད་ཆེན་རིམ་པར་བྱོན་པའི་ཐུགས་བསྐྱེད་མཐུས།།
རིག་སྔགས་འཆང་བའི་འདུས་སྡེ་ཆེན་པོ་འདི།།
ནམ་ཡང་མི་ཉམས་ཡུན་དུ་བརྟན་གྱུར་ཅིག །

ཅེས་གསང་ཆེན་རིག་འཛིན་གྱི་སྡེ་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་སྣོད་བཅུད་ལ་བསྔགས་པ་ཅུང་ཟད་བརྗོད་པ་འདི་ནི་རྨོངས་པའི་ཁོལ་དུ་ལུས་ཀྱང་ལྷ་གཅིག་ཕྱག་ན་པདྨོའི་འཕྲིན་ལས་ཀྱིས་འཇམ་མགོན་བླ་མའི་བསྟན་པ་ལ་སློབ་པའི་གྲྭ་མཐར་འཁོད་པ་ངག་མིང་པས་བྲིས་པའོ།། །།