༄༅།།  གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་རྡོ་རྗེ་འཆང་༸རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་ནི། བོད་རྒྱལ་ལོ་ ༡༥༤༦  རབ་བྱུང་ ༧  ས་ཕག ཕྱི་ལོ་ ༡༤༡༩  ལོར་གཙང་ཤངས་ལུང་དུ་ཡབ་ཡུམ་རིགས་རུས་ཕུན་སུམ་ཚོགས་པ་ལས་འཇིག་རྟེན་མིག་གི་བདུད་རྩིར་གྱུར་པའི་མཚན་དཔེའི་དཀྱིལ་འཁོར་མངོན་པར་བཞད། བཀའ་གདམས་པའི་གདན་ས་གོང་མར་གྲགས་པ་སྣར་ཐང་དུ་རབ་ཏུ་བྱུང་ཞིང་། མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་དགེ་འདུན་གྲུབ་པའི་ཞབས་ལ་གཏུགས་ཏེ་ཚད་མ་རྣམ་འགྲེལ་གྱི་གཞུང་སོགས་ལ་གསན་སྦྱངས་མཛད། རི་བོ་དགེ་འཕེལ་དུ་ཕེབས་ཏེ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་སྣར་ཐང་པ་ཤེས་རབ་སེང་གེའི་དྲུང་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རིམ་ལྔའི་དམར་ཁྲིད་དང། རྩ་རྒྱུད་ལེའུ་བདུན་པའི་བར་གྱི་ཞིབ་བཤད་རྣམས་གསན།ལས་ཆེན་ཀུན་དགའ་རྒྱལ་མཚན་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་གནས་རྙིང་དཀའ་བཅུ་པ་ཞེས་ཇི་ལྟར་བསྔགས་པ་བཞིན། གནས་རྙིང་དུ་ཆོས་ཞུགས་གནང་སྟེ། གཞུང་ཆེན་ཁག་ལ་གསན་བསམ་ཐུགས་གཉེར་རྒྱ་ཆེར་མཛད་དེ། དཀའ་བཅུ་པའི་མཚན་གནས་བཞེས། དབུས་སུ་བྱོན་ཏེ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་རུ་མང་ཐོས་མཁས་པའི་ཁྱུ་མཆོག་དཔལ་ལྡན་བློ་གྲོས་པ་ལས་དབུ་མ་རྩ་འཇུག་དང་། ཤེར་ཕྱིན། མངོན་པ། འདུལ་བ་སོགས་གཞུང་ཆེན་རྣམས་ལ་གསན་སྦྱངས་ལེགས་པར་མཛད་པས་མཁས་པར་གྱུར།

རྒྱུད་དུ་བྱོན་ཏེ་རྗེ་བཙུན་ཤེས་རབ་སེངྒེའི་རྒྱལ་ཚབ་དམ་པ་རྒྱུད་ཆེན་སྦྱིན་པ་དཔལ་བའི་ཞལ་སྔ་ནས། གསང་ཆེན་རྒྱུད་སྡེ་བཞིའི་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་དང་བཅས་པ་དུ་མ་གསན་པ་མ་ཟད། ལྷག་པར་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བཤད་ཕྱོགས་མཐུན་གྱི་རྒྱུད་དང་བཅས་པའི་ཞིབ་བཤད་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་གསན་པས་གདམས་པའི་གཏེར་དུ་གྱུར། གཞན་ཡང་ཐོས་པས་ངོམས་པ་མེད་པར་རྒྱུད་པ་གྲགས་བཟང་བ། བ་སོ་ཆོས་ཀྱི་རྒྱལ་མཚན། རྗེ་སྨོན་ལམ་དཔལ་བ། བྱང་རྩེ་ཀུན་བཀྲས་པ་སོགས་ལས་ཀྱང་ཟབ་ཆོས་མང་དུ་གསན་བཞེས་གནང་། སྔོན་གྱི་ཐུགས་བསྐྱེད་དུས་སུ་སྨིན་པ་དང་རྐྱེན་ངན་ལམ་དུ་བསླང་བའི་དགོས་དབང་གིས། རྒྱུད་པའི་ནང་རྟེན་ཐུབ་དབང་ཚུལ་ཁྲིམས་མ་དང་། མགོན་པོ་ཕྱག་དྲུག་པའི་སྐུ་ཐང་། ནང་མཆོད་ཀ་པཱ་ལ་བཅས་རྟེན་སྐལ་དུ་བསྣམས་ཏེ་དབུ་རུ་ཀླུང་ཤོད་ཀྱི་ཕྱོགས་སུ་ཕེབས། མདོ་སྔགས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པར་ཐོས་བསམ་དཔྱིས་ཕྱིན་པར་གནང་བ་དེ་དག་ཐུགས་དམ་ཉམས་ལེན་ལ་གཞོལ་བའི་ཕྱིར། ཉེ་གནས་བྱང་རྩེ་ཀུན་དགའ་བཀྲ་ཤིས་དང་ལྷན་ཅིག་ཏུ་དབུས་སྟོད་བྱམས་པ་གླིང་གི་ཕྱོགས་སུ་བྱ་བྲལ་ལ་ཕེབས་ཏེ་སྒྲུབ་པ་ཉམས་བཞེས་ལ་འགྲུས་པར་མཛད།

དབུས་སྟོད་བྱམས་པ་གླིང་དང་། དབེན་གནས་སེ་བ་རོང་སོགས་དབུ་རུ་ཀླུང་ཤོད་ཁུལ་གྱི་བཀའ་གདམས་པའི་གདན་ས་དང་། དབེན་གནས་རི་ཁྲོད་སོགས་སུ་འཚོ་བ་དཀའ་ཐུབ་ལ་བརྟེན་ཏེ། ཟབ་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ཆ་ལག་དང་བཅས་པར་ཐུགས་དམ་ཉམས་བཞེས་རྩེ་གཅིག་ཏུ་གཞོལ་བས་གསང་སྔགས་ཀྱི་རྟོགས་པའི་ཀློང་རྡོལ་བར་གྱུར། རྗེ་ཉིད་ཆུམས་མདར་ཕེབས་སྐབས་སྔ་ཕྱིར་མདོ་ཁམས་ནས་བྱོན་པའི་གྲྭ་རྒྱུན་སུམ་ཅུ་དང་འཕྲད་ཅིང་། དེའི་ཁར་རྗེ་བཙུན་དཔོན་སློབ་གཉིས་བསྣན་པས་དཔལ་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པ་བྱུང་བས། རྒྱུད་ཀྱི་འཆད་ཉན་འཛིན་པའི་རྒྱུད་གྲྭ་འདེབས་པའི་རྟེན་འབྲེལ་མ་བསྒྲིགས་ལྷུན་གྲུབ་ཏུ་གྱུར། དཔོན་སློབ་རྣམས་ཀྱི་ཕྱག་མཁར་སོ་གཉིས་གནས་དེའི་ཞིང་ཁའི་ནང་དུ་བཙུགས་པར་ལོ་འདབ་འཁྲུངས་ཤིང་ཕྱིས་སྡོང་པོར་གྱུར་པ་དད་ལྡན་ངོ་མཚར་སྐྱེ་བའི་གནས་སུ་མཇལ་རྒྱུ་ཡོད་པར་གསུངས། རྒྱུད་སྨད་ནས་རྩེ་བ་ཤེར་བཟང་པས་སྤྱན་འདྲེན་གྱི་ཕོ་ཉ་ཀླུང་ཤོད་དུ་མངགས་ཏེ། ཅིས་ཀྱང་རྒྱུད་ཀྱི་སློབ་དཔོན་དུ་ཕེབས་དགོས་པ་དང་། ཁོ་བོས་སློབ་དཔོན་སྦྱིན་པ་དཔལ་བ་དང་ཁྱད་མེད་དུ་གུས་བཀུར་བྱེད། ཅེས་པའི་ཞུ་ཡིག་ངག་འཕྲིན་དང་བཅས་པ་རྒྱས་པར་ཕུལ་བས། ཐུགས་ལ་སྤྲོ་སྣང་དང་བཅས་ཏེ་ཕེབས་རྒྱུའི་ཞལ་བཞེས་གནང་། རྒྱུད་སྨད་ཀྱི་སློབ་དཔོན་དུ་ཕེབས་རྒྱུའི་ཞལ་བཞེས་གནང་བའི་དགོང་མོ་དེའི་གཟིམ་ལམ་དུ། བུད་མེད་ཅིག་གིས་ལ་མོ་དང་ཕག་མོ་གཉིས་ཀྱི་ལུང་པའི་བར་དུ་དར་གྱི་ཡོལ་བ་འཐེན་པའི་རྨི་བལྟས་ངོ་མཚར་ཅན་བྱུང་བར་བརྟེན། ཕྱི་ཉིན་ནས་ཐུགས་འགྱུར་ཏེ་མི་ཕེབས་རྒྱུའི་ཞུ་གསོལ་གྱི་ཆབ་ཤོག་འབུལ་བར་མཛད། རྗེ་ཡབ་སྲས་ཀྱི་དངོས་སློབ་བྱང་སེམས་བདེ་མོ་ཐང་པ་བློ་གྲོས་རྒྱལ་མཚན་པ་ལ་ཆོས་འབྲེལ་ཞུ་གནང་མཛད་པའི་ཐོག །འབྱུང་འགྱུར་གྱི་མཛད་འཕྲིན་ཇི་ལྟར་བསྐྱང་དགོས་ཀྱི་ལུང་བསྟན་ཞུས་པ་ན། མཁའ་ལ་ཉི་ཟླ་གཉིས་བཞིན་དུ་རྒྱུད་ཀྱི་གྲྭ་ཚང་གཉིས་པ་འདི་ཉིད་ཚུགས་རྒྱུའི་ལུང་བསྟན་དང་། དེའི་ཆེད་དུ་སྨོན་ལམ་གྱི་མཚམས་སྦྱོར་དང་རྟགས་དང་རྟེན་འབྲེལ་ཇི་ལྟར་སྒྲིག་ཚུལ་གྱི་ཞལ་བཀོད་གནང་། བྱང་སེམས་བདེ་མོ་ཐང་པས་ལུང་བསྟན་ཇི་ལྟར་གནང་བ་བཞིན། འཆད་ཁ་བ་ཡེ་ཤེས་རྡོ་རྗེའི་དངོས་སློབ་རྣལ་འབྱོར་པ་བྱང་ཡེས་བཞེངས་པའི་རྟེན་བྱིན་རླབས་ཅན་ཀླུང་ཤོད་རན་ཚ་རབ་ཀྱི་བྱམས་པའི་དྲུང་དུ་སྨོན་ལམ་ལོ་ཤས་རིང་ཚུགས་ཏེ་སྤྱིར་བསྟན་པ་རྒྱས་པ་དང་། ལྷག་པར་རྒྱུད་ཀྱི་རྒྱལ་པོའི་འཆད་ཉན་གྱི་རྒྱུད་གྲྭ་འདེབས་རྒྱུའི་ཐུགས་སྨོན་རྣམ་པར་དག་པ་མཛད་པ་ན་རྟགས་རྟེན་གྱི་མཚན་མ་བཟང་པོ་བྱུང་།

རྗེ་ཉིད་ཀྱི་སྔོན་གྱི་ཐུགས་བསྐྱེད་དུས་སུ་སྨིན་པ་དང་། ལྷག་པར་རྗེ་བཙུན་ཤེས་རབ་སེངྒེས་བསྟན་པའི་སྙིང་པོ་གསང་བ་འདུས་པའི་བསྟན་པ་སྤེལ་བའི་རྒྱུད་གྲྭ་སྐྱོངས་ཤིག་ཅེས་ལུང་བསྟན་དབུགས་དབྱུང་གནང་བ་སོགས་ཕྱི་ནང་གི་རྟེན་འབྲེལ་དུ་མ་འཛོམས་པའི་ཉེར་ལེན་ལས་རྗེ་ཉིད་དགུང་ལོ་ང་དྲུག་བཞེས་པ། བོད་རྒྱལ་ལོ་ ༡༦༠༡  རབ་བྱུང་ ༨  ཤིང་རྟ་ཕྱི་ལོ་ ༡༤༧༤  ལོར་བྱང་རྩེ་ཀུན་བཀྲས་པས་དབུས་སྟོད་བྱམས་པ་གླིང་གི་གདན་ས་གནང་བར་རྒྱུད་ཀྱི་འཆད་ཉན་དབུ་ཚུགས་ཏེ་སྟོད་རྒྱུད་གྲྭ་ཚང་ཞེས་མཚན་སྙན་གྱི་གཟི་འོད་འབར་བའི་རྒྱུད་གྲྭ་འདི་ཉིད་དངོས་སུ་ཕྱག་བཏབ། སྐབས་ཤིག་ལ་ལྷ་སར་གཙང་ཆུའི་འཇིགས་པ་ཆེན་པོ་ཞིག་བྱུང་བར་སྐྱེས་ཆེན་མང་པོས་བཟློག་ཐབས་སྣ་ཚོགས་མཛད་ཀྱང་ཕན་ནུས་མ་བྱུང་སྟབས། གཞུང་ས་ནས་རྗེ་འདི་ཉིད་སྤྱན་འདྲེན་པའི་ཕྱིར་ཕོ་ཉ་མངགས་པར། ཆུམས་མདར་རྒྱུད་ཀྱི་འཆད་ཉན་གནང་བཞིན་པའི་སྐབས། ཆུ་ཡི་སྟེང་དུ་གཅག་པར་བྱ།། ཞེས་པའི་རྒྱུད་ཀྱི་ཚིག་མཚམས་སུ་ཁེལ། ཆུ་བཟློག་གི་ཕོ་ཉ་རྒྱུད་ཀྱི་འཆད་ཉན་འབྱུང་བ་ཆུ་ཡི་ལས་སྦྱོར་གྱི་ཚིག་མཚམས་སུ་འབྱོར་བར་བརྟེན། རྟགས་རྟེན་ལེགས་པར་དགོངས་ནས་དགྱེས་པ་ཆེན་པོས་སྐྱིད་ཆུའི་ཐོག་ནས་ལྷ་སར་ཕེབས་ཏེ། ཆུ་མནན་གྱི་ལས་སྦྱོར་མཛད་པས་ཕན་ནུས་དངོས་སུ་ཐོན་ཏེ་སྐྱེ་འགྲོ་མང་པོ་ཆུའི་འཇིགས་པ་ལས་ཐར་བར་མཛད། ཆུ་བཟློག་ལས་སྦྱོར་གྱི་ནུས་པ་དངོས་སུ་ཐོན་པའི་བདག་སྐྱེས་སུ་གཞུང་ས་མཆོག་ནས། རྒྱས་བཏབ་ར་མོ་ཆེའི་གཙུག་ལག་ཁང་རྟེན་དང་བརྟེན་པ་ཕྱི་ནང་གི་བཀོད་པ་དང་བཅས་པ་འབུལ་སྐལ་དུ་བཞེས་གནང་མཛད། དེ་ནས་བཟུང་ལྷ་ལྡན་ར་མོ་ཆེ་འདི་ཉིད། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གསང་སྔགས་རིག་འཛིན་ཀླུ་ཡི་དབང་པོ་རིམ་གཉིས་ནོར་བུའི་ཅོད་པཎ་ཀྱི་གཟི་འོད་འབར་ཞིང་། རྒྱུད་ཀྱི་བཤད་སྒྲུབ་འཆད་ཉན་གྱི་རླབས་ཕྲེང་རྒྱུན་མི་འཆད་པར་སྐྱེ་རྒུའི་བསོད་ནམས་ཀྱི་མཁའ་རུ་བདེ་བར་རོལ་པའི་བསྟི་གནས་གསང་ཆེན་སྔགས་ཀྱི་རྒྱ་མཚོ་ཆེན་པོར་གྱུར།

རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ལྟ་སྒོམ་སྤྱོད་གསུམ་དང་། བཤད་སྒྲུབ་འཆད་ཉན་གྱི་རིམ་པ་རྣམས་ཉམས་མེད་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་གནང་བ་ལས། སྐུ་དངོས་ཀྱི་བསྟན་འགྲོའི་དོན་ཆེན་རྣམས་གྲུབ་སྟེ་དགུང་གྲངས་རེ་བརྒྱད་བཞེས་པ། རབ་བྱུང་ ༨  མེ་རྟ་ཕྱི་ལོ་ ༡༤༨༦  ལོ་ཧོར་ཟླ་གཉིས་པའི་ཚེས་དྲུག་ལ་ཐོག་མའི་གདན་ས་དབུས་སྟོད་བྱམས་པ་གླིང་དུ་འོད་གསལ་ཆོས་སྐུ་མངོན་དུ་མཛད་དེ་ཞི་བར་གཤེགས། སྐུ་གདུང་ཞུགས་སུ་ཕུལ་བ་ན་དད་ལྡན་འགྲོ་བའི་རྟེན་སྐལ་དུ་ཐུགས་ལྗགས་དབུ་ཐོད་གསུམ་དང་། རིང་བསྲེལ་མང་དུ་ཕེབས་ཤིང་། ཐུགས་ལྗགས་གཉིས་ལོ་དེ་ཉིད་ལ་ཉེ་གནས་བྱང་རྩེ་པ་ཆེན་པོས་གསང་འདུས་ཀྱི་གསེར་སྐུ་བྱིན་ཅན་ཞིག་བཞེངས་པའི་ནང་དུ་བཞུགས་སུ་གསོལ། བྱིན་རླབས་ཀྱི་གཟི་འོད་འབར་བའི་དབུ་ཐོད་དེ་ཉིད་དབུས་སྟོད་ལྷ་རྩེ་དགོན་གསར་གྱི་རྟེན་སྐལ་དུ་བཞུགས།

གསུང་གི་མཛད་པའི་བརྩམས་ཆོས་ནི། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་གྱི་རྩ་འགྲེལ་གྱི་ཚིག་དོན་གསལ་བར་འཆད་པའི་ཊཱིཀྐ་མན་ངག་རིམ་གཉིས་གཏེར་མཛོད། ཅེས་པ། རྒྱས་བསྡུས་འཚམ་ཞིང་རྒྱུད་དོན་རྗེན་པར་ཕྱུང་བའི་ལེགས་བཤད་རྨད་དུ་བྱུང་བ་བཞུགས་པ་འདི་ཉིད། ད་ལྟའི་བར་དུ་འཆད་ཉན་གྱི་རྒྱུན་མ་ཆད་པར་གསུང་གི་འཕྲིན་ལས་ཉིན་བྱེད་སྟོང་གི་འོད་ཟེར་གྱིས་སྐལ་ལྡན་གདུལ་བྱའི་པད་ཚལ་རྒྱས་བཞིན་པ་དང་། གཞན་ཡང་གསང་འདུས་བསྐྱེད་རིམ་གྱི་རྣམ་གཞག་ལེགས་པ་ཞིག་ཀྱང་ཡོད་པར་གསུངས།

གསུང་ལས་སྐྱེས་པའི་བུ་སློབ་གྲགས་ཆེ་བ་ནི། རྒྱལ་ཚབ་དམ་པ་རྒྱ་མ་བ་ལྷ་དབང་རིན་ཆེན་པ། ཆོས་རྗེ་ཡེས་རྩེ་པ། བླ་མ་ཕྱག་དྲུག་པ། སློབ་དཔོན་དཔལ་ལྡན་འོད་ཟེར་པ། བཤེས་གཉེས་ངག་དབང་མཆོག་གྲུབ་པ། མེར་རྩ་དཀའ་བཅུ་པ་ཆོས་ཀྱི་རྒྱལ་མཚན། ལྷོ་པ་དཀའ་བཅུ་པ་ཧྲལ་མོར་གྲགས་པ། དྲུང་གཟིམས་ཆུང་བ། དཀའ་བཅུ་ཀུན་བཟང་བ། དཀའ་བཅུ་བ་སྤུ་ར་བ་སོགས་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་མང་དུ་བྱོན་ཏེ་རྗེ་བླ་མའི་བཞེད་སྲོལ་དྲི་མ་མེད་པའི་ལུགས་བཟང་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་བར་མཛད་དོ།།