༄༅།། གསང་ཆེན་རིག་པ་འཛིན་པའི་སྡེ་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དཔེ་མཛོད་འདིའི་འགན་དམིགས་གཙོ་བོ་ནི། འཇིག་རྟེན་ཡོངས་ཀྱི་འདྲེན་པ་ཆེན་པོ་མཉམ་མེད་ཤཱཀྱ་སེངྒེའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེ་ལ་གཏིང་ཟབ་པ་རྣམས་ཀྱི་དཔེ་རྒྱུན་དང་། དབང་ལུང་མན་ངག་གི་གདམས་པ་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ། དེ་བཞིན་གཞུང་བཟང་དེ་དག་བློ་གསལ་དོན་གཉེར་ཅན་རྣམས་ཀྱི་ཉིན་རེའི་སློབ་སྦྱོང་དང་ཉམས་བཞེས་ལ་སྨན་པའི་ཆེད། ཟབ་གསང་རྡོ་རྗེ་ཐེག་པའི་ཆོས་སྐོར་གཙོ་བོར་གྱུར་པའི་དཔེ་རྒྱུན་དཀོན་པའི་འཕགས་བོད་སྐྱེས་ཆེན་དག་གིས་མཛད་པའི་གསུང་རབ་གལ་ཆེན་ཕྱོགས་བསྡུས་ཀྱིས་དཔར་སྐྲུན་ཞུ་རྒྱུའི་མཚོན་པའི་ལས་རིམ་ཁག་གཤམ་གསལ།

༡ བོད་གངས་ཅན་གྱི་ལྗོངས་སུ་དུས་འགྱུར་ངན་པའི་དབང་གིས་སྔར་ཡོད་ཆེས་རིན་ཐང་བྲལ་བའི་རྩ་ཆེའི་གསུང་རབ་ཁ་ཐོར་དུ་སོང་བ་དང་། གོད་ཆགས་ཚབས་ཆེན་བྱུང་བ་རྣམས་སླར་གསོ་དང་འཚོལ་སྒྲུབ་ཞུ་རྒྱུ།

༢ ཡུལ་ལུང་གཞན་གྱི་སྐད་རིགས་ཐོག་ཡོད་པའི་ནང་ཆོས་ཀྱི་གཞུང་དང་ཐུན་མོང་གི་རིག་གནས་ཀྱིས་མཚོན་སྤྱི་ཚོགས་ལ་ཕན་པའི་དཔེ་དེབ་རྣམས་མཁོ་སྒྲུབ་ཞུ་རྒྱུ།

༣ གསང་ཆེན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཉམས་བཞེས་ཆོས་སྐོར་གཙོ་བོར་གྱུར་པའི་གསང་སྔགས་རྡོ་རྗེ་ཐེག་པའི་དབང་ལུང་མན་ངག་གི་རྒྱུན་བཟང་པོ་རྣམས་ད་ལྟའི་བར་རྡོ་ལག་བརྒྱུད་དང་། ཆུ་བུམ་བརྒྱུད་ཀྱི་ཚུལ་དུ་གནས་པ་རྣམས་མི་ཉམས་རྒྱུན་གནས་དང་ཉམས་པ་སླར་གསོའི་ཐོག་ཏུ་སྒོ་གང་ས་ནས་འབད་བརྩོན་ལྷོད་མེད་ཞུ་རྒྱུ།

༤ ནང་པ་སངས་རྒྱས་པའི་གཞུང་ལ་སྦྱང་བརྩོན་གནང་མཁན་ཕྱི་ནང་གི་མི་རིགས་སྤྱི་ལ་དགོས་མཁོ་ཆེ་ཞིང་དཔེ་རྒྱུན་དཀོན་པའི་འཕགས་བོད་ཀྱི་གཞུང་ལུགས་སྤྱི་དང་།  ལྷག་པར་དུ་ལོ་ལྟར་གདན་ས་ཆེན་མོ་ནས་ཕེབས་པའི་དགེ་བཤེས་རྣམ་པ་དང་། གྲྭ་ཚང་རང་ཁོངས་ཀྱི་སློབ་གཉེར་བ་རྣམས་ཀྱི་མདོ་སྔགས་ཀྱི་གཞུང་ཆེན་ཁག་གི་སློབ་དེབ་དང་།  དེ་བཞིན་ཐུན་མོང་མ་ཡིན་པའི་ཉམས་བཞེས་ཆོས་སྐོར་རྣམས་དཔར་སྐྲུན་ཞུ་རྒྱུ།

༥ གོ་སྐབས་དང་དགོས་གལ་ནམ་བྱུང་ལ་ཁྱད་ལས་པ་དང་། མཁས་དབང་རྣམ་པ་གདན་ཞུས་ཀྱིས་གསང་སྔགས་ཀྱི་གཞུང་ཆེན་ཁག་དང་། མཐོང་བརྒྱུད་ཀྱི་ཕྱག་བཞེས་ཟབ་མོ། ཐུན་མོང་གི་རིག་གནས། དེང་དུས་ཀྱི་རྩིས་འཁོར་སོགས་ཀྱི་ཐད་ལ་དུས་ནས་དུས་སུ་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ།