༈ ཆེད་བརྗོད་དང་གསུང་འཕྲིན་སྐོར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་རྒྱལ་དབང་ཀརྨ་པ། ཆོས་རིག་ལས་ཁུངས། དགའ་ལྡན་ཁྲི་རིན་པོ་ཆེ། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། ཆོས་རིག་བཀའ་བློན། སློབ་དཔོན་ཟམ་གདོང་རིན་པོ་ཆེ། སྐྱབས་རྗེ་མཁན་རིན་པོ་ཆེ་སོགས་ཀྱིས་དཔེ་མཛོད་ཁང་གིས་ཞུ་སྒྲིག་ཚད་ལྡན་གྱིས་དྲུག་བརྒྱའི་རྒྱུད་འགྲེལ་རྗེས་དྲན་དང་། དྲུག་བརྒྱའི་རྒྱུད་ཆེན་རྗེས་དྲན། རྒྱུད་ཊཱིཀ་ཆེན་མོ་སོགས་དཔར་དུ་བསྐྲུན་པའི་གསུང་རབ་ཁག་སོ་སོར་ཐུགས་སྣང་ཆེན་པོས་གནང་བའི་ཆེད་བརྗོད་དང་གསུང་འཕྲིན་ཁག་རིམ་བཞིན་འགོད་སྤེལ་ཞུ་འཆར་ལགས།

༄༅།། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཞི་བར་གཤེགས་པ་དང་རྒྱུད་ཆེན་ཀུན་དགའ་དོན་གྲུབ་སྐུ་འཁྲུངས་ནས་ལོ་དྲུག་བརྒྱ་འཁོར་བ་བཅས་ཀྱི་རྗེས་དྲན་ཆེད་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་རྒྱུད་ཀྱི་ཊཱིཀའི་སྟེང་ནས་བགྲོ་གླེང་དང་། ཆབས་ཅིག་རྗེ་བླ་མའི་གསུང་སྔགས་ཀྱི་ལམ་རིམ་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་ལེགས་བཤད་ཆེན་མོ་དེ་དང་། རྗེ་བཙུན་ཤེས་རབ་སེང་གེ་དང་རྒྱུད་ཆེན་ཀུན་དགའ་དོན་གྲུབ་རྣམ་གཉིས་ཀྱི་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་ཊཱིཀ་རྣམ་གཉིས་བཅས་པར་བསྐྲུན་འགྲེམས་སྤེལ་ཞུས་པར་ཡི་རང་དང་། འགན་ཁུར་དང་རྒྱུ་སྦྱོར་བ་རྒྱུད་སྟོད་གྲྭ་ཚང་གི་ལས་སྣེ་ལྟོས་བཅས་ལ་ལེགས་སོའི་བསྔགས་བརྗོད་ཡོད།

དེ་ཡང་རྗེའི་སྔགས་རིམ་ཆེན་མོ་ནི། གསང་སྔགས་རྒྱུད་སྡེ་བཞིའི་སྔོན་འགྲོ་དང་། ལམ་སྡུད་པའི་སྤྱིའི་ཆིངས་དང་། ལམ་གྱི་རིམ་པ་དངོས་བཅས་རྫོགས་པར་གསལ་བ་བསྟན་པ་དང་། གཞན་ཡང་དཔྱོད་ལྡན་ལ་སྐྱེ་བའི་དོགས་པའི་གནས་མཐའ་དག་ལྷག་མ་མེད་པར་གཅོད་པ་ལ་བསྒྲུན་དུ་མེད་པའི་ལེགས་བཤད་ཅིག་ཡིན་པར་བསྙོན་དུ་མེད།

ཆེད་བརྗོད།

༄༅།། བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག ཕྱི་ལོ་ ༢༠༡༩ འདི་བཞིན་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན་པ་དང། རྗེ་རིན་པོ་ཆེས་རྒྱུད་ཆེན་ཤེས་རབ་སེངྒེ་ལ་རྒྱུད་ཀྱི་གླེགས་བམ་གནང་སྟེ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་མཛད་པ། རྒྱུད་ཆེན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་མཚན་དཔེའི་དཀྱིལ་འཁོར་བཞད་པ་བཅས་བྱུང་ནས་མི་ལོ་ ༦༠༠ ཐམ་པ་འཁོར་བའི་སྐབས་དང་བསྟུན་ཏེ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་སྔགས་རིམ་ཆེན་མོ་དབུས་དཔར་དང་།