༈ དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱ་དོ་སྤྲུལ་སྐུ་བསྟན་འཛིན་ འབྱུང་གནས་མཆོག་ནས་རྒྱུད་འགྲེལ་ཆེན་མོའི་རྗེས་དྲན་ ངོ་སྤྲོད་ཀྱི་གསུང་བཤད།

ཨོཾ་སྭསྟི། བདེ་ལེགས་སུ་གྱུར་ཅིག

བཀྲ་ཤིས་གཡང་ཆགས་གཟའ་སྐར་ཕུན་སུམ་ཚོགས།།

ཕྱོགས་བཅུའི་སངས་རྒྱས་མདུན་གྱི་ནམ་མཁར་བྱོན།།

ལྷ་རྣམས་འཆམ་ཞིང་དྲང་སྲོང་ཤིས་པ་བརྗོད།།

 ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ལོ།།

ཞེས་ཤིས་པ་བརྗོད་པའི་ཚིག་གི་མེ་ཏོག་ལྷ་ལམ་ཡངས་པོར་སྔོན་དུ་བཏང་ནས། བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་ལོའི་བོད་ཟླ་བཅུ་པའི་ཚེས་བརྒྱད། སྤྱི་ལོ་ཉིས་སྟོང་བརྒྱ་མེད་བཅུ་བཞི་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་དགུ་གཟའ་ཚེས་མཆོག་ཏུ་དགེ་བའི་ཉིན། འཕགས་ཡུལ་དུ་བྱེས་བཞུགས་བཞུགས་སྒར་དང་འདའ་ཆགས་པ་གསང་ཆེན་སྟོད་རྒྱུད་གྲྭ་ཚང་གི་རྭ་ཆེན་གཙུག་ལག་ཁང་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོས་ས་གསུམ་གྱི་སྒྲོན་མེ་གཅིག་པུ་རྒྱུད་འགྲེལ་ཆེན་མོའི་འཆད་ཉན་གཏན་ལ་ཕབ་ནས།

མི་ལོ་ཧྲིལ་པོ་དྲུག་བརྒྱ་ཐམ་པ་འཁོར་བའི་དུས་སྟོན་རྟེན་འབྱུང་གི་མཛད་སྒོའི་ཚོགས་མགོན་དུ་བཀའ་དྲིན་ལྷག་པར་ཆེ་བ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག རིགས་དང་ཅོད་པན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་མགོན་པོ་གངས་ཅན་འགྲོ་བའི་སྐྱབས་གཅིག་འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྡོམ་རྩོན་ཆོས་ཀྱི་རྒྱལ་པོའི་རྣམ་པར་རོལ་བ་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་གནས་སྨྲོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞབས་སེན་བཀྲ་ཤིས་རེ་ཁ་རྟག་བརྟན་རྡོ་རྗེ་ཆོས་བདུན་གྱི་ཁྲི་འཕང་མཐོན་པོར་བཞུགས་སུ་གསོལ་བར་ལུས་ཀྱི་འཁྲི་ཤིང་ས་ལ་ཕབ་ནས་སྒོ་གསུམ་དྭངས་པ་ཆེན་པོས་གུས་ཕྱག་སྔོན་དུ་ཞུ་བ་དང་ཆབས་ཅིག །གསེར་མདོག་ཅོད་པན་འཆང་བའི་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་ཀྱི་དབུས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་མཆོག་མཁན་པོ་གདན་ཟུར་བླ་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོར་བཅས་སྐྱབས་ཡུལ་དམ་པ་རྣམས་དང་། སྐབས་འདིར་སྐུ་མགྲོན་དུ་ཆེད་གཉེར་ཕེབས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཡི་མདུན་ན་འདོན་ཆོས་རིག་བཀའ་བློན་མཆོག་གི་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སློབ་ཀྱི་མཛད་གཙོ་རྣམ་པ། རྒྱ་གར་ས་གནས་ཀྱི་དཔོན་རིགས་དང་མི་དམངས། ཕྱི་ཕྱོགས་ནས་ཆེད་གཉེར་དུ་ཕེབས་པའི་སྐུ་མགྲོན་རྣམ་པ། སློབ་ཕྲུག་མི་དམངས་ཡོངས་ལ་དེ་རིང་གི་དུས་སྟོན་བཟང་པོ་འདི་དང་འབྲེལ་ནས། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་འདུས་མང་ཡོངས་ཀྱི་ཚབ་ཞུས་ནས་ཐོག་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

 ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་མཐའ་ཡས་པའི་མཁའ་མཉམ་འགྲོ་བའི་དོན་དུ་ཐུགས་བསྐྱེད། བར་དུ་བྱ་དཀའ་བའི་རླབས་ཆེན་རྒྱལ་སྲས་ཀྱི་སྤྱོད་པས་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་སྒྲིབ་གཉིས་འཆིང་བ་ལས་གྲོལ། ཀུན་རྟོགས་སྤྲོས་པ་ཀུན་བྲལ། འོད་གསལ་ཁ་ལ་ཟུང་འཇུག་མཚན་དཔེ་དབང་ཕྱུག གསང་གསུམ་དབྱེར་མེད་སྐུ་བཞིའི་བདག་ཉིད་ཀྱི་གོ་འཕང་མངོན་དུ་མཛད་དེ། གདུལ་བྱའི་ཁམས་དང་མོས་པ་དང་འཚམས་པར་སྤྱོད་པ་གསུམ་དང་ཆོ་འཕྲུལ་རྣམ་པ་གསུམ་གྱི་སྒོ་ནས་ཐེག་པ་གསུམ་དང་ཟབ་རྒྱས་མདོ་སྔཊ་ཀྱི་ཆོས་ཚུལ་མཐའ་ཡས་པ་སྤྱི་དང་། ལྷག་པར་དུ་རྒྱུད་སྡེ་ཀུན་གྱི་རྩ་བ། མདོ་སྡེ་ཀུན་གྱི་ཟ་མ་ཏོག་བསྟན་པའི་སྙིང་པོའི་མཐར་ཐུག་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་དང་། དེའི་དགོངས་འགྲེལ་རྡོ་རྗེ་འཆང་ཉིད་ཀྱིས་བཤད་རྒྱུད་ཆེན་པོ་དྲུག་གི་གཏན་ལ་ཕབ་པའི་མན་ངག་འདུས་ཆུ་རྒྱ་མཚོ་ཇི་སྙེད་ཅིག་བཀའ་སྩལ་པ་རྣམས་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་དཔྱད་གསུམ་གྱི་རིགས་པའི་ལམ་ནས་དྲངས་པའི་རྒྱུད་དོན་མཐའ་དག་ཉམས་སུ་བཞེས་ནས་མངོན་དུ་གྱུར་ཏེ། གསུབ་ཤིང་གིས་གསུབ་པ་ལས་ལེགས་པར་ཐོན་པའི་སྨིན་གྲོལ་བསྐྱེད་རྫོགས་ཀྱི་རིམ་པ་སྤྱི་དང་། ལྷག་པར་རིམ་ལྔའི་གནད་ཀྱི་མན་ངག་ཡིད་བཞིན་གྱི་ནོར་བུ་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གཅིག་ཤེས་ཀུན་གྲོལ་གྱི་གདམས་པའི་རྒྱལ་པོ་དེ་ཉིད་རྒྱལ་བའི་ལན་གཅིག་མ་ཡིན་པར། ཡང་ཡང་ལུང་གིས་བསྔགས་པའི་གངས་ཅན་ལྗོངས་ཀྱི་སྐྱེས་མཆོག་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་རྒྱུད་དང་རྒྱུད་འགྲེལ་མན་ངག་དང་བཅས་པ། སྒྲ་སྒྱུར་གྱི་ལོ་ཙཱ་བ་མཁས་དང་གྲུབ་པའི་སྐྱེས་མཆོག་གསང་བའི་མཛོད་འཛིན་ལྷོ་བྲག་མར་པ་དང་། འགོས་ཁུག་པ་ལྷས་བཙས་སོགས་ཀྱིས་བརྒྱུད་པའི་རྩ་ཤེ་མན་ངག་རྣམས་ལན་གཅིག་མ་ཡིན་པར་ཐོས་བསམ་སྒོམ་གསུམ་གྱིས་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མའི་སྐྱོན་གྱི་ཆ་ཙམ་ཡང་མེད་པར། དཔྱད་གསུམ་རྣམ་པར་དག་པའི་གཏན་ལ་ཕབ་ཅིང་། གྲུབ་པའི་ཉམས་རྟོགས་ཐུགས་ཉམས་སུ་ཤར་བའི་གདམས་པའི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་ཆེན་མོ་ལྗགས་རྩོམ་མཛད་ནས་འདི་ལོ་མི་ལོ་དྲུག་བརྒྱ་འཁོར་བར་མ་ཟད༑ རྒྱུད་དོན་རིམ་གཉིས་ཀྱི་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་སྔར་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ནས་གསང་བདག་ཕྱག་ན་རྡོ་རྗེར་རྒྱུད་སྟེར་བར་མཛད་པ་དང་སྒོ་ཀུན་ནས་མཚུངས་པ། སེ་ར་ཆོས་སྡིངས་སུ་རྗེ་བླ་མས། འཁོར་ཚོགས་རྒྱ་མཚོའི་དབུས་སུ་རྒྱུད་ཆེན་ཤེས་རབ་སེང་གེར་རྒྱུད་ཀྱི་གླེགས་བམ་གནང་ནས་གསང་སྔགས་ཀྱི་རྒྱུད་འཛིན་ཆེན་མོར་མངའ་གསོལ་བར་མཛད་ཅིང་། དེ་ནས་རྒྱུད་ཆེན་སྦྱིན་པ་དཔལ་བ་དང། ཟུང་འཇུག་གྲུབ་པའི་དབང་པོ་རྡོ་རྗེ་འཛིན་པ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་སོགས་ནས་རིམ་པར་བརྒྱུད་དེ་འཆད་ཉན་གྱི་རྒྱུན་ཉམས་པ་མེད་པར་གནས་མུས་སུ་ཡིན་ཡང་། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུ་ལོར་རྒྱ་དམར་ཀླ་ཀློའི་གདུག་རྩུབ་ཀྱིས་རྐྱེན་པས་རང་ཡུལ་བྲལ་ནས་གཞན་ཡུལ་དུ་གྱར་དགོས་པ་བྱུང་བའི་སྐབས་དེར། གངས་ཅན་འགྲོ་བའི་མགོན་པོ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་འཕགས་ཡུལ་དུ་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཡབ་རྗེ་རྒྱལ་བ་གཉིས་པ་ཙོང་ཁ་པའི་བཀའ་སྲོལ་རྒྱུད་འགྲེལ་ཆེན་མོ་དབུས་མདོ་སྔགས་ལམ་གྱི་རིམ་པ་ཁག་དང་། སྨིན་བྱེད་ཀྱི་དབང། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་ལུང་དང་བཅས་པ་ལན་གཅིག་མ་ཡིན་པར་ཡང་ཡང་བཀའ་དྲིན་བསྩལ་པའི་ཐུགས་རྗེ་ལས། སྔར་གྱི་ཕྱག་སྲོལ་དང་འཆད་ཉན་གྱི་རྒྱུན་ཉམས་པ་མེད་པར་གནས་ཐུབ་པ་བྱུང་བའི་ཐོག །བཀའ་སློབ་ཕེབས་དགོངས་བཞིན་གཞུང་ཆེན་སློབ་གཉེར་གྱི་འཛིན་གྲྭ་བཅུ་གསུམ་དང་། ཆོ་ག་ཕྱག་ལེན་གྱི་རིགས་གཅིག་རྐང་འཛིན་པའི་འཛིན་གྲྭ་བཅས་ཀྱི་ཐོག་ནས་ཆོ་གའི་ནང་དོན་བྱང་བ་ཙམ་མ་ཡིན་པར། མདོ་སྔགས་དང་སྒྲུབ་ཐབས་ཀྱི་བརྗོད་དོན་གཏན་ལ་ཕབ་ནས་རིམ་གཉིས་ཀྱི་གནས་ཉམས་སུ་ལེན་ཚུལ། བཤད་སྒྲུབ་ཟུང་འབྲེལ་ཐོས་བསམ་སྒོམ་པ་ཕྱོགས་ཆར་མ་སོང་བར་སྔར་རང་ཡུལ་དུ་ཡོད་པའི་སྐབས་ལས་ཀྱང་ཕྱོགས་འགའ་ཞིག་ནི་འཕེལ་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད་བྱེད་ཐུབ་པ་བྱུང་བ་འདི་ནི། གཙོ་ཆེར་༸གོང་ས་༸སྐྱབས་མགོན་ཆེན་པོས་ལམ་སྟོན་བཀའ་སློབ་གཟིགས་སྐྱོང་ཐུགས་རྗེ་སྐྱབས་འོག་ནས་བྱུང་བ་ཁོ་ན་ལས་བཀའ་དྲིན་གྱི་ཆ་ཤས་ཙམ་ཡང་སྟོང་གསུམ་རིན་ཆེན་གྱིས་བཀང་སྟེ་ཕུལ་ཡང་བསྐལ་བར་གཞལ་ནུས་བྲལ། འོན་ཀྱང་འདི་ལོ་༸སྐྱབས་མགོན་རྒྱལ་བའི་དབང་པོར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོར་གཏན་འབེབས་ཀྱི་སྐབས་དང་བསྟུན། དྲུག་བརྒྱའི་རྗེས་དྲན་གྱི་སྐབས་འདིར་བཀའ་དྲིན་རྗེས་དྲན་དང་བསྟན་འགྲོའི་མགོན་དུ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཆེད་དུ་དཔལ་གསང་བ་འདུས་པའི་ཆོ་ག་དང་འབྲེལ་བའི་འབུམ་ཚོགས་ཤིག་ཞབས་སྒྲུབ་ཞུ་འཆར་དང་། གཙོ་ཆེར་གྲྭ་ཚང་འདིའི་ལས་སྣེ་འདུས་དམངས་ནས་བསྟན་པའི་གཞི་མ་ཚུལ་ཁྲིམས་སྒྲིག་སྡོམ་རང་ཁྲིམས། ཐེག་པ་ཁུར་ལེན། རྗེ་རྒྱལ་བ་གཉིས་པའི་བཀའ་གསུང་མདོ་སྔགས་བཤད་སྒྲུབ་འཆད་ཉན་དང་། ཆོ་ག་ཕྱག་ལེན། ཕྱི་ནང་ཤེས་ཡོན་བཅས་ལ་འབད་བརྩོན་ལྷོད་མེད་ཞུ་བ་དང་། ལམ་སྟོན་བཀའ་སློབ་བཞིན་གྲྭ་ཚང་འདིའི་སྒྲིག་ཁོངས་སུ་གཏོགས་པ་སུ་ཡིན་རུང་། སྤྱིར་སྐྱབས་འགྲོའི་བསླབ་བྱའི་དགོངས་དོན། ཡང་སྒོས་འཇམ་མགོན་ཙོང་ཁ་པའི་སྐྱེས་བུ་གསུམ་གྱི་འགྲོས་དང་མཐུན་པའི་ཡི་དམ་ཆོས་སྲུང་གཏན་ལ་ཕབ་པ་ལྟར། འཇིག་རྟེན་དྲེགས་པ་བཙོག་ཤོས་ཅན་དོལ་རྒྱལ་ལམ་ཤུགས་ལྡན་བསྟེན་སྲོལ་གྱི་དྲི་མ་ཙམ་ཡང་མེད་པར། སྔར་གྱི་རྒྱུད་ཆེན་གོང་མ་རིམ་བྱོན་གྱི་ཕྱག་ལེན་གཙང་མ་རྒྱུན་འཁྱོངས་ཆོད་སེམས་བརྟན་པོ་འཛོལ་མེད་སྙིང་བཅངས་ཀྱིས་སྒོ་ནས་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག །འདིར་ལོའི་དྲུག་བརྒྱའི་རྒྱུད་འགྲེལ་རྗེས་དྲན་ཆེན་མོའི་དུས་ཆེན་འདིར་བླང་དོར་བཀའ་སློབ་ཐུགས་རྗེ་ཆེ་བ་དང། བདག་སོགས་གཞིས་བྱེས་བོད་འབངས་ཡོངས་ཀྱི་འདི་ཕྱིའི་སྐྱབས་དང་རེ་བའི་མིག་འབུར་གཏོད་ཡུལ་མགོན་པོ་ཁྱེད་ཉིད་ལས་གཞན་དུ་མ་མཆིས་པས་བདག་སོགས་འགྲོ་བའི་མགོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། བདག་སོགས་རྣམས་ཀྱང་སྐྱེ་བའི་ཕྲེང་བ་ཐུགས་རྗེའི་སྐྱབས་འོག་ནས་ནམ་ཡང་འདོར་བ་མེད་པ་དང་། གསང་སྔགས་རིག་པ་འཛིན་པ་འདུས་པའི་སྡེ་འདིར་ཐུགས་བརྩེ་བ་ཆེན་པོས་ཡང་ནས་ཡང་དུ་ཞབས་ཀྱི་པདྨོ་རྣམ་པར་བཀོད་དེ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཡང་ནས་ཡང་དུ་སྨིན་མཛོད་བཀའ་དྲིན་ཆེ་བ་མཁྱེན། མཁྱེན། མཁྱེན། མཁྱེན། མཁྱེན། མཁྱེན་ཞེས་གསོལ་བ་འདེབས་སོ།།

བཀའ་སློབ་གསར་ཤོས།