༄༅།། དཔེ་མཛོད་ཀྱི་གལ་ཆེའི་དགོས་དམིགས་གཞིར་བཟུང་སྟེ་རིས་མེད་མཁས་གྲུབ་དག་གི་གསུམ་འབུམ་དང་བརྩམས་ཆོས། རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་མཛད་རྣམ། ཐ་སྙད་རིག་གནས་སོགས། མདོར་ན་སྐད་ཡིག་འདྲ་མིན་ལས་གྲུབ་པའི་ཐུན་མོང་དང་ཐུན་མིན་གྱི་ལྟ་གྲུབ་རིག་གནས་སྣ་ཚོགས་འཁོད་པའི་ཡིག་ཆ་ཁྲི་ཕྲག་ལས་རྒལ་བ་མཁོ་སྒྲུབ་ཞུས་དང་ཞུ་བཞིན་པའི་ཁོངས་ནས། ཕྱི་ལོ་ ༢༠༡༩ ཟླ་༦ ཚེས་ ༢༠ ཉིན་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས་པའི་༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ། མདོ་སྔགས་རིག་གནས་ཀྱི་ཆ་ལག་མ་ཚང་བ་མེད་པར་པོད་གྲངས་སུམ་ཅུ་སོ་དགུ་ཐམ་པ་བླུ་ཡོན་ཞུས་པའི་ཁོངས་ནས།  སྐུ་ཕྲེང་དང་པོ་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་རབ་དག་ནི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ཁོངས་སུ་ཕྱོགས་གང་ས་ནས་དཔར་སྐྲུན་ཞུས་དང་ཞུ་བཞིན་པ་ཡིན་པས། ད་ལན་འདིའི་ཁོངས་སུ་དཔར་དུ་མ་བསྐྲུན་ཅིང་། སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་གླང་གི་གསུང་འབུམ་ནི་ཞུ་སྒྲིག་པ་དག་ལ་མ་ཕྱི་ཕྱག་སོན་མ་བྱུང་ཚུལ་གསལ། དེ་མིན་སྐུ་ཕྲེང་གསུམ་པ་རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ་ནས་བཟུང་སྐུ་ཕྲེང་བཅུ་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བར་གསུང་འབུམ་ཆ་ཚང་བླུ་ཡོན་ཞུས་ཡོད།

༄༅།། གནའ་དེང་རིག་པའི་གནས་ལ་མཛད་རྗེས་ཧ་ཅང་ཆེ་བའི་ཀིརྟིའི་དགེ་རྩ་ཚོགས་པ་དང་། ཀིརྟི་བྱེས་པ་གྲྭ་ཚང་ཐུན་མོང་ནས་ཕྱོགས་སྒྲིག་ཞུས་པའི། བརྡ་སྤྲོད་དང་། སྙན་ངག མངོན་བརྗོད། ཟློས་གར། རྒྱལ་རབས། ཆོས་འབྱུང་། བཟོ་གསོ་རིག རྩིས་ཚན་རིག ནང་པའི་ལྟ་གྲུབ། སློབ་གསོ་དང་ལེགས་བཤད། ཟུར་བཀོལ་སློབ་དེབ། བློ་འཛིན་སློབ་དེབ། དེ་བཞིན་དགེ་རྒན་གྱི་ལག་དེབ་སོགས་ཕྱོགས་ཡོངས་ནས་ཞུས་ན་ཐུན་མོང་དང་ཐུན་མོང་མིན་པའི་ལྟ་གྲུབ་དང་། རིག་གནས་སྣ་འདུས་སམ། མདོར་ན་ནང་དོན་ཆེས་ཕུན་སུམ་ཚོགས་པའི་སློབ་དེབ་བློ་གསལ་མགུལ་རྒྱན་དེབ་ཕྲེང་ ༦༨ ཐམ་པ་དང་། དཀར་ཆག་དེབ་གཅིག ངོ་སྤྲོད་དེབ་གཅིག དམིགས་བསལ་དགེ་རྒན་གྱི་ལག་དེབ་གཉིས་བཅས་འདི་གའི་དཔེ་མཛོད་ཁང་དུ་རིན་མེད་ཆོས་སྦྱིན་དུ་གནང་སོན་བྱུང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། འབྲེལ་ཡོད་ཡོངས་ཀྱི་ཐུགས་སྟོབས་དང་། བརྩོན་འགྲུས། མཁྱེན་ཡོན་བཅས་ལ་བཅོས་མིན་གྱིས་གུས་བཀུར་དང་། འབྱུང་འགྱུར་བསྟན་སྲིད་མི་རིགས་ལ་སྨན་པའི་མཛད་བཟང་རྣམས་གེགས་མེད་ལམ་ལྷོང་ཡོང་བར་སྨོན་འདུན་བཅས་གསང་ཆེན་སྟོད་རྒྱུད་གྲྭ་ཚང་གི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༠ ཉིན།