༄༅།། ངེས་པ་དོན་གྱི་མཁས་པའི་དབང་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལམ་སྟོན་ཇི་གནང་ཡིད་གཉིས་མེད་པར་ཤར་བསྐྱོད་ཀྱིས། བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པར་རླབས་ཆེན་གྱི་མཛད་རྗེས་གཞལ་ཡང་བསྲུབ་ཏུ་མེད་པ་བོད་མིའི་སེམས་ཁམས་སུ་འཇོག་གནང་མཛད་དེ་ད་ཆ་དགུང་ནའི་བབ་ཀྱིས་བགྲེས་ཡོལ་ཏུ་ཕེབས་བཞུགས་ཀྱི་ཚོད་དུ་ཡོད་ཀྱང་། གཞན་དོན་ལ་སྐྱོ་ངལ་ཡེ་ནས་མེད་པའི་བདག་ཉིད་ཆེན་པོ་ཁོང་གིས་དགའ་ལྡན་ཕོ་བྲང་གི་མཇུག་གནོན་ཚོགས་གཙོའི་རླབས་ཆེན་གྱི་མཛད་འགན་བཞེས་བཞིན་པ་མ་ཟད། གདན་ས་ཁག་གི་གཙོས་པའི་རིས་མེད་ཆོས་སྡེ་ཁག་དང་།

དེ་བཞིན་སློབ་གྲྭ་ཆེ་ཆུང་ཁག་དུ་མ་སོགས་ཕྱོགས་གང་སར་ཆོས་སྲིད་ལུགས་གཉིས་དང་འབྲེལ་བའི་མཛད་བྲེལ་ཧ་ཅང་ཆེ་ཡང་། དམིགས་བསལ་གསང་ཆེན་སྟོད་རྒྱུད་གྲྭ་ཚང་འདི་ཉིད་སྤྱན་གྱི་འབྲས་བུ་བཞིན་དུ་གཟིགས་ཏེ་ལོ་བསྟུད་མར་རྩ་ཆེའི་དབང་ལུང་ཟབ་ཁྲིད་དང་བླང་དོར་ལམ་སྟོན་གནང་དང་གནང་བཞིན་པའི་ཁར། འདི་གའི་དཔེ་མཛོད་ཁང་ནས་ཇི་ལྟར་གསོལ་བ་ལན་མང་བཏབ་པ་བཞིན་ཕྱི་ལོ་ ༢༠༡༣ ནས་ཐུགས་བརྩེ་བ་ཆེན་པོས་དཔེ་མཛོད་ཁང་གི་སྤྱི་ཁྱབ་སློབ་སྟོན་པའི་མཚན་གནས་དངོས་སུ་བཞེས་གནང་མཛད་པ་བཞིན། དཔེ་མཛོད་ཀྱི་གལ་ཆེའི་ལས་རིམ་སྤྱིའི་ཐད་ལམ་སྟོན་དང་། ལྷག་པར་དུ་གསང་ཆེན་སྟོད་རྒྱུད་པོད་ཕྲེང་སྲོལ་རྒྱུན་གྱི་གཟི་བྱིན་མ་ཉམས་པའི་ཐོག་ཏུ་དེང་དུས་ལེགས་ཆས་ཟུར་བརྒྱན་ཏེ་ཉམས་ཞིབ་ཚད་ལྡན་གྱི་ལམ་ནས་ལུང་མཆན་དང་། བསྡུར་མཆན་བཀོད་སྟངས་སོགས་ཀྱི་རིན་བྲལ་ལམ་སྟོན་དུས་ནས་དུས་སུ་གནང་བ་དང་། མཐའ་མའི་ཞུ་སྒྲིག་གི་སྐབས་སུ་དཀའ་གནད་ཇི་ཡོད་རིན་པོ་ཆེར་སྤྱན་བསྟར་གཟིགས་ཞིབ་ཀྱིས་ཐུགས་ཐག་གཅོད་གནང་མཛད་ཀྱི་ཡོད།

དེས་ན་བདག་ཉིད་ཆེན་པོ་ཁོང་དཔེ་མཛོད་ཀྱི་སྤྱི་ཁྱབ་ལམ་སྟོན་གྱི་མགོན་དུ་དགྱེས་བཞུགས་ཡོད་པའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་དཔེ་མཛོད་ཀྱི་དཔར་སྐྲུན་དང་། བགྲོ་གླེང་སོགས་གལ་ཆེའི་ལས་རིམ་མང་པོ་ཞིག་ཚད་ལྡན་ལེགས་གྲུབ་བྱུང་བར་བརྟེན། དཔེ་མཛོད་ཀྱི་མཚན་མཐོང་དང་གཟི་བརྗིད་ལ་རླབས་ཆེན་གྱི་ཕན་འབྲས་བྱུང་ཡོད། མདོར་ན་ལམ་སྟོན་ཞུ་ཡུལ་གྱི་སློབ་སྟོན་པའི་ཆ་ནས་དེ་ལས་ལྷག་པའི་བླ་ན་མེད་པའི་ཕུན་སུམ་ཚོགས་པ་ཞིག་མེད་ཀྱང་། སྐབས་བབ་ལས་བྱེད་པ་པོ་རྣམས་ཀྱི་ཤེས་འཇོན་དང་ཉམས་མྱོང་གིས་མ་ལྕོགས་པའི་དབང་གིས་རིན་པོ་ཆེས་ཇི་ལྟར་ལམ་སྟོན་གནང་བ་བཞིན་འགྲོ་མ་ཐུབ་པ་ཡང་བྱུང་དང་འབྱུང་སྲིད་པས་འབྲེལ་ཡོད་ཡོངས་ཀྱིས་དེ་ལུགས་དགོངས་འཇགས་འཚལ།