༄༅།། དེང་གི་དུས་སུ་འཛམ་གླིང་ཤར་ནུབ་གང་སར་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། དགོན་སྡེ་དང་མཐོ་སློབ་ཁག་ཏུ་གཞི་རྒྱ་ཆེ་ཆུང་འདྲ་མིན་གྱི་དཔེ་མཛོད་ཁང་མང་པོ་དར་སྤེལ་བྱེད་བཞིན་པ་ནི་ལེགས་པའི་ཕྱོགས་སུ་མངོན། འོན་ཀྱང་དཔེ་ཁང་གཅིག་གི་དཔེ་སྒྲོམ་ནང་དུ་དཔེ་ཆ་སྒྲིག་གཤོམ་བྱེད་པ་གཅིག་པུ་མ་ཡིན་པར་དོན་གཉེར་ཅན་གྱི་སློབ་གཉེར་བ་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་ཀྱི་མཐུན་རྐྱེན་གལ་ཆེན་ཞིན་ཡིན་པར་བརྟེན། དཔེ་མཛོད་ཁང་འདི་ནས་ཀྱང་གོང་གསལ་དགོས་དམིགས་གཙོར་བཟུང་གིས་སྐབས་བཅུ་གཉིས་པའི་ཕྱག་མཛོད་ནས་དཔེ་མཛོད་ཁང་གི་ཨར་ལས་འཛུགས་སྐྲུན་དང་། སྐབས་བཅུ་གསུམ་པའི་ཕྱག་མཛོད་དང་ལྷག་པར་ཤེས་ཡོན་འགན་འཛིན་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་གཙོ་འགན་འཁུར་བའི་ཐོག་ནས་ནང་གི་འཛིན་ཆས་དཔེ་སྒྲོམ་བཟོ་བསྐྲུན་དང་། དཔེ་ཆ་མཁོ་སྒྲུབ་སོགས་ཀྱི་ལས་གཞི་དང་འབྲེལ་བའི་ཕྱག་ལས་གང་ལེགས་གནང་།

ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༤ ཚེས་ ༡༨ ཉིན།  སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་དཔེ་མཛོད་ཀྱི་དབུ་འབྱེད་རབ་གནས་དང་འབྲེལ་གྲྭ་ཚང་གི་མཁན་རིན་པོ་ཆེ་ལཱོ་དགོན་སྤྲུལ་སྐུ་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར། གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་གདན་ཞུས་ཀྱིས་མཛད་སྒོ་གཟབ་རྒྱས་བསྐྱངས།

 དེ་ནས་ཕྱི་ལོ་ ༢༠༡༢ ཟླ་ ༠༤ ཚེས་ ༡༨ དཔེ་མཛོད་འགན་འཛིན་འཕོ་འགྱུར་གྱིས་བསྐྱེད་རིམ་པ་བློ་བཟང་ཀླུ་སྒྲུབ་ལགས་ཀྱིས་འགན་ཁུར་བླངས་ཏེ། དཔེ་མཛོད་ཀྱི་ལས་གཞི་མཇུག་སྐྱོང་ཐོག་ནང་གི་འཛིན་ཆས་དང་ཁང་པ་ལེགས་བཅོས། ལྷག་པར་དཔེ་མཛོད་ཁང་གཅིག་ལ་མཚོན་ན་དཔེ་ཆ་མཁོ་སྒྲུབ་བྱེད་རྒྱུ་དང་། དཔར་གསར་སྐྲུན་བྱེད་རྒྱུ་ཧ་ཅང་དགོས་གལ་ཆེ་བར་བརྟེན། འབད་བརྩོན་ལྷོད་མེད་ཀྱིས་རྒྱལ་བའི་བཀའ་བསྟན་གསུང་རབ་ཁག་དང་། ཆོས་བརྒྱུད་རིས་མེད་ཀྱི་གནའ་རབས་མཁས་དབང་དག་གི་གསུང་འབུམ་དཀོན་རིགས་དང་། དེང་དུས་མཁས་དབང་དག་གི་གསུང་འབུམ་ཚད་ལྡན་དག་དང་། དེ་བཞིན་རྒྱལ་རབས་དང་། ཆོས་འབྱུང་། ཐ་སྙད་རིག་གནས། རྒྱ་བོད་ཧིན་གསུམ་དང་ཀོ་རུ་ཡ་བཅས་ཀྱི་སྐད་ཡིག་ཏུ་ཡོད་པའི་དཔེ་དེབ་སྣ་ཚོགས་འཚོལ་སྒྲུབ་ཞུས་དང་ཞུ་མུས་དང་། ལྷག་པར་གྲྭ་ཚང་རང་གི་སློབ་གཉེར་བ་རྣམས་དང་ཆོས་ཐོག་སྐོར་མཁན་དགེ་བཤེས་རྣམས་ཀྱི་གཟིགས་དཔེའི་ཆེད་དུ་མདོ་སྔགས་ཀྱི་གཞུང་ཆེན་དུ་མ་ཞུ་སྒྲིག་ཚད་ལྡན་གྱི་ཐོག་ནས་དཔར་གསར་སྐྲུན་ཞུས་པར་༼   གསུང་རབ་ཡིད་འཕྲོག་ནོར་བུའི་དོ་ཤལ ༽ དང་། ༼   གསང་ཆེན་སྟོད་རྒྱུད་པོད་ཕྲེང་།  ༽  ༼   ར་མོ་ཆེ་པོད་ཕྲེང་། ༽  དེ་ལས་གཞན་པའི་དམིགས་བསལ་དཔེ་དེབ་ཁག་དང་། དེ་བཞིན་ཀློག་ཀླད་སོགས་ཉེར་མཁོའི་ཡོ་བྱད་དུ་མ་གསར་སྒྲུབ་སོགས་ཕྱི་ནང་གང་སར་ཡར་རྒྱས་ཚགས་ཚུད་བྱས་པར་བརྟེན་རྒྱ་ཆེའི་ལྟ་ཀློག་གསན་གཟིགས་གནང་མཁན་ཚང་མས་ལེགས་གསོལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མཁན་ཡང་གང་མང་མཆིས།

དེས་ན་ལས་གཞི་འདིས་ལུས་ཅན་ཀུན་གྱི་ཕན་བདེའི་གཞི་རྩ་ཉག་གཅིག་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱ་ཆེ་ལ་གཏིང་ཟབ་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་ཆོས་ཚུལ་རྣམས་མི་ཉམས་རྒྱུན་གནས་ཐོག །དད་འདུན་དང་སྦྱང་བརྩོན་ཆེ་བའི་ཕྱི་ནང་གི་མི་རིགས་སྤྱི་ལ་སྨན་པའི་སློབ་གཉེར་གྱི་ལྟེ་གནས་བཟང་པོ་ཞིག་བསྐྲུན་རྒྱུ་སྤྱི་དང་། བྱེ་བྲག་ཏུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་འཆད་ཉན་ཐོས་བསམ་སློབ་གཉེར་རྣམས་མི་ཉམས་རྒྱུན་གནས་ཡོང་ཐབས་སུ་ཕྱོགས་ཡོངས་ནས་འགྲོ་བཞིན་པར་མཐོང་བས་སེམས་ཀྱི་གཏིང་ནས་དགའ་ཚོར་ཀྱི་འོད་སྣང་དཀར་པོ་འགོག་མེད་དུ་འཕྲོ་བཞིན་མཆིས་སོ།།