གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་གིས་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལེའུ་བཅུ་བདུན་ཅན་གྱི་རྩ་འགྲེལ་གྱི་ཚིག་དོན་གསལ་བར་འཆད་པའི་མན་ངག་རིམ་པ་གཉིས་ཀྱི་དངོས་གྲུབ་ཀྱི་གཏེར་མཛོད་ཅེས་བྱ་བའི་བསྟན་བཅོས་འདིའི་གཞུང་དོན་བརྗོད་བྱའི་ཁྱད་ཆོས་ནི། རྒྱུད་འགྲེལ་ཆེན་མོ་འགྲེལ་པ་བཞི་སྦྲགས་རྩ་བར་བཟུང་སྟེ་གཞུང་བསྲངས་པ་ནི་རྒྱུད་ཊཱིཀ་གཞན་དང་མཚུངས་ཀྱང་གཞུང་འདིར་འབུར་དུ་ཐོན་པའི་ཁྱད་ཆོས་མང་པོ་ཡོད་པ་ནི་རྒྱུད་ཆེན་ཤེས་རབ་སེང་གེའི་མན་ངག་གི་གསུང་སྒྲོས་ཀྱི་ཟབ་གནད་ཁག་འདིར་འཁོད་པ་དང་། ལྷག་པར་རྗེ་ཤེར་སེང་ཡབ་སྲས་གཉིས་ཀྱི་རྒྱུད་ཊཱིཀ་ཏུ་ཞལ་མི་གསལ་བའི་རིགས་འགའ་ཞིག་རྒྱུད་འགྲེལ་གྱི་མཆན་ལ་གཏུགས་ཏེ་དག་ཐེར་ཡང་ཡང་མཛད་པ། ཀ་རྟགས་ཁ་རྟགས་ཀྱི་དཀྲུགས་བཤད་འགའ་ཞིག་ཀྱང་མཆན་འགྲེལ་ཆེན་མོ་ཉིད་དང་སྦྱར་ནས་གསལ་སྟོན་མཛད་པ། རྗེ་ཤེར་སེང་ཡབ་སྲས་ཀྱི་གཞུང་དུ་ཞིབ་རྒྱས་འཁོད་པའི་དྲང་ངེས་སོགས་ཀྱི་བཤད་པ་འགའ་ཤས་ལ་རྒྱས་བཤད་མི་དགོས་པར་མདོར་བསྡུས་ཤིང་རྡོག་འདྲིལ་བ་རེ་འགོད་གནང་མཛད་པ། ཡང་སྒོས་ལྷག་པར་ཅན་དུ་ཊཱིཀ་བྱེད་ཕལ་མོ་ཆེས་རྩ་རྒྱུད་ལེའུ་བཅུ་གསུམ་མན་ཆད་ཀྱི་ཚིག་དོན་ཅུང་ཟད་གོ་སླ་བ་དང་ལས་ཚོགས་བསྟན་པ་རྒྱུ་མཚན་དུ་བྱས་ནས་གཞུང་འགངས་ཆུང་བ་འཛིན་ནའང་རྗེ་འདིས་ནི་གལ་ཆེ་བར་འཛིན་གནང་སྟེ།

རྗེ་རང་ཉིད་ཀྱི་རྒྱུད་ཊཱིཀ་ལས། དེ་ལས་གཞན་དུ་རྩ་བའི་རྒྱུད་ལེའུ་བཅུ་གསུམ་པ་མན་ཆད་ཀྱི་ཚིག་དོན་རྣམས་རྟོགས་སླ་ཞིང་ལས་ཚོགས་འབའ་ཞིག་སྟོན་པས་ད་ལྟའི་སྒྲུབ་པ་པོ་ལ་ཉེ་བར་མཁོ་བའི་ལམ་མེད་ཅེས་མགྲིན་པ་བསལ་ཏེ་སྨྲ་བར་བྱེད་པ་དག་གིས་ནི་རྒྱུད་ཀྱི་དབུ་ཞབས་ཀུན་ཞིབ་པར་མ་མཐོང་ཞིང་བླ་མ་དམ་པའི་མན་ངག་དང་མི་ལྡན་པ་དང་། མཐོང་ཡང་ཡི་གེ་ཙམ་དུ་བཀླགས་པར་ཟད་ཅིང་རྒྱུད་ཀྱི་ཚིག་དོན་གང་ལ་ཡང་གོ་བ་རགས་པ་ཙམ་ཡང་མ་ཆགས་པ་གསལ་བར་བྱས་ལ། ཞེས་སོགས་གསུངས་པ་ལྟར། ལེའུ་བཅུ་གསུམ་པ་མན་ཆད་ཀྱིས་ལམ་ཉམས་ལེན་གྱི་རིམ་པ་གལ་ཆེ་བ་མང་པོ་ཡང་ནས་ཡང་དུ་བསྟན་པས་ན་རྗེ་ཉིད་ཀྱི་རྒྱུད་ཊཱིཀ་འདིར་ལེའུ་བཅུ་གསུམ་པ་ནས་བཅུ་བདུན་པའི་བར་གྱི་གབ་པ་མངོན་དུ་ཕྱུང་། སྦས་པ་གསལ་བར་བསྟན། དཀྲུགས་པ་ཁྲིགས་ཆགས་སུ་བསྒྲིགས་ནས་བསྐྱེད་རྫོགས་ཀྱི་ཟབ་གནད་མང་དུ་བསྟན་པ་རྣམས་རྡོ་རྗེའི་ལམ་སྒྲིག་གི་ཚུལ་དུ་ལེགས་པར་བཤད་པ་ས་གསུམ་གྱི་སྒྲོན་མེ་ལྟ་བུའི་གཞུང་བཟང་འདི་ཉིད་མཛད་པ་ཡིན་ནོ།།

འཇུག་པ་བདེ་བའི་ཁྱད་ཆོས་ནི། དེ་ལྟ་བུའི་ལེགས་བཤད་རྨད་དུ་བྱུང་བའི་གཞུང་བཟང་འདི་ཉིད་གཙོ་བོ་གྲྭ་ཚང་རང་གི་བསྐྱེད་རིམ་པ་དང་གདན་ས་ཁག་ནས་ཕེབས་པའི་ཆོས་ཐོག་དགེ་བཤེས་རྣམ་པའི་སློབ་གཉེར་གནང་སའི་གཞུང་ཡིན་པ་ཙམ་དུ་མ་ཟད། དཔལ་གསང་བ་འདུས་པའི་ཟབ་ལམ་ལ་མོས་པའི་སྐྱེ་བོ་དག་གིས་གཟིགས་རྟོགས་མཛད་ཡུལ་གྱི་རྒྱུད་འགྲེལ་གལ་ཆེན་ཞིག་ཡིན་པ་གཞིར་བཅས་དཔེ་གཟུགས་སུ་ཡོད་པ་ཉིད་བྱིན་རླབས་དང་གཟི་བརྗིད་ཆེ་བར་མངོན་ན་ཡང་། གལ་ཆུང་ཆོས་ལ་བྱེད་པའི་དུས་འདིར་གསན་བསམ་གནང་མཁན་རྣམས་ཀྱིས་ལྟ་ཀློག་གི་འཇུག་པ་བདེ་བའི་ཆེད་དེབ་གཟུགས་སུ་བཀོད་པའི་སྐབས། ས་བཅད་དང་མཚམས་འབྱེད་སྟངས་ཀྱི་ཆ་ནས་ལེའུ་དང་པོའི་སྒྲོན་གསལ་གྱི་རྩ་བ་རྒྱུད་ཆེན་ཉིད་ཀྱི་ས་བཅད་ནང་ཡོད་པ་དེ་ཉིད་གཞི་ལ་བཞག་ཅིང་བཀོད་སྐབས་ས་བཅད་ནང་རྒྱུད་ཆེན་གྱིས་དོན་འཐོབ་དང་ཁ་བསྐང་གི་ཚུལ་དུ་བཀོད་པའི་རྒྱུད་ཆེན་གྱི་གསུང་ཉུང་ཤས་ཡོད་པ་རྣམས་སྒྲོན་གསལ་གྱི་ཚིག་མིན་ཡང་ཊཱིཀྐའི་བཤད་པའི་སྐབས་སྐྱོར་སྲོལ་ཡོད་སྟབས་རང་སོར་བཞག་ཅིང་སྒྲོན་གསལ་གྱི་ཚིག་དང་མི་འབྱར་བའི་ཆེད་ཡི་གེ་ཅུང་གསེག་པའི་རྣམ་པར་བཟོས་པ་དང་། ལེའུ་དང་པོའི་སྒྲོན་གསལ་གྱི་རྩ་ཚིག་རྣམས་ཊཱིཀྐའི་ཚིག་དང་མི་འབྱར་བའི་ཆེད་ཡིག་གཟུགས་ཀྱི་ལམ་ནས་མཚམས་འབྱེད་ཐུབ་པ་དང་། རྩ་རྒྱུད་ཀྱི་གཞུང་རྣམས་ཅུང་ནག་ཤས་ཆེ་བ་བྱས་ནས་ཚོན་མདོག་གི་ལམ་ནས་མཚམས་འབྱེད་ཐུབ་པ་བཟོས་ཡོད། ད་དུང་དེང་དུས་རྩ་འགྲེལ་སྦྱར་མའི་ལུགས་སུ་དགེ་བའི་བཤེས་གཉེན་ཆེན་པོ་མཁས་གྲུབ་ནོར་བཟང་མཆོག་གིས་རྒྱུད་འགྲེལ་ཆེན་མོ་སོགས་འབྲེལ་ཡོད་ཀྱི་རྒྱུད་ཊཱིཀ་དྲུག་སྦྲགས་ཏེ་ས་བཅད་བསྡུས་དོན་གཞིར་བཟུང་སྟེ་མཐའ་དྲུག་ཚུལ་བཞིའི་བཤད་པའི་དོན་རྣམས་རྗེ་བདག་ཉིད་ཆེན་པོའི་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་རྣམ་བཤད་རྒྱུད་བཤད་ཐབས་ཀྱི་མན་ངག་གི་རྒྱ་ལས་མ་འགོངས་པར་དཔྱད་བསྡུར་ཡང་ཡང་བྱས་པ་དང་། ལྷག་པར་ཊཱིཀྐ་གཞན་ལ་མེད་པའི་ཁྱད་ཆོས་རྒྱུད་ཆེན་གོང་མ་རྣམས་ཀྱི་མན་ངག་རྩ་རྒྱུད་ཀྱི་གཞུང་ཚིག་གོང་འོག་དཀྲུགས་ནས་བཤད་པ་མཛད་པ་རྣམས་ལ་ཚིག་དོན་ཞིབ་དཔྱད་ཀྱིིས་རྒྱུད་ཚིག་དཀྲུགས་ནས་རྩ་འགྲེལ་སྦྱར་ཏེ་བཀོད།

ཞུ་སྒྲིག་གི་ཁྱད་ཆོས་ནི། དེ་ཡང་རྩ་བ་ལ་མཚོན་ན། གྲྭ་ཚང་གི་མཁན་ཐོག་ཞེ་གཉིས་པ་ཉག་རེ་བློ་བཟང་བསྟན་འཕེལ་མཆོག་དང་། བླ་མ་དབུ་མཛད་མངའ་རིས་བློ་བཟང་སྦྱིན་པ་རྣམ་གཉིས་ནས་ཞུ་དག་གནང་ཞིང་དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོས་དཔར་བྱང་སྨོན་ཚིག་སྦྱར་བའི་དཔར་རྙིང་དེ་ཉིད་ལ། རྩ་གཞུང་རྒྱུད་འགྲེལ་ཆེན་མོ་སོག་པོ་ནས་གདན་འདྲེན་ཞུས་པའི་དགའ་ལྡན་དཔར་མའི་ནང་གི་རྩ་རྒྱུད་ལ་གཞི་བཞག་ནས་རྩ་འགྲེལ་སྦྱར། དེ་ཡང་རྩ་འགྲེལ་གཉིས་མངོན་གསལ་དོད་པོས་ཚིག་ཟུར་མི་མཐུན་པ་དང་ཡིག་ནོར་གྱི་དོགས་གཞི་ཡོད་རིགས་རྣམས་བཀའ་འགྱུར་དཔེ་བསྡུར་མའི་ཁྲོད་ཀྱི་ལོ་ཆེན་འགྱུར་དང་། འགོས་འགྱུར། དེ་གཉིས་ཀྱི་མཆན་དུ་ཡོད་པའི་སྣར་ཐང་། གཡུང་ལོ། ལི་ཐང་། པེ་ཅིན། ཅོ་ནེ་རྣམས་དང་། འཇང་བཀའ་འགྱུར་ནང་གི་རྩ་རྒྱུད། རྒྱུད་སྨད་ཆོས་སྤྱོད་ཁྲོད་ཀྱི་རྩ་རྒྱུད་བཅས་ལ་བསྡུར་ནས་མཆན་དུ་བཏབ།

འགྲེལ་པ་ལ་མཚོན་ན། བསྟན་འགྱུར་དཔེ་བསྡུར་མའི་ཁྲོད་ཀྱི་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་སྒྲོན་མ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པ། བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་སྒྲོན་གསལ་གྱི་བཤད་སྦྱར་མཐའ་དྲུག་རབ་ཏུ་གསལ་བར་བྱེད་པ། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་རྩ་བའི་རྒྱུད་སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན། དེའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ། མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ་བཅས་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱིས་ཞུ་དག་གནང་བའི་དགའ་ལྡན་དཔར་རྙིང་། སླར་ཡང་ཡོངས་འཛིན་ཕུར་ལྕོགས་བྱམས་པ་རྒྱ་མཚོས་ཞུ་དག་གནང་བའི་དཔར་གསར། མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྒྱུད་ཀྱི་ཟིན་བྲིས། རྒྱུད་ཆེན་ཤེས་རབ་སེང་གེས་མཛད་པའི་རྒྱུད་ཊཱིཀ་ལེའུ་བཅུ་བདུན་གྱི་བཤད་པ་ཅན་གྱི་དཔེ་རྙིང་སོག་པོ་ནས་ལག་སོན་བྱུང་བ། རྒྱུད་ཆེན་སྦྱིན་པ་དཔལ་བས་མཛད་པའི་རྒྱུད་ཊཱིཀྐ་ལེའུ་དང་པོ་ནས་བཅུ་བཞིའི་བར་དང་། ལེའུ་བཅུ་དྲུག་པའི་བཤད་པ་ཅན་བཀྲས་ལྷུན་དཔར་མ། རྒྱུད་ཆེན་བརྩོན་འགྲུས་འཕགས་ཀྱིས་མཛད་པའི་རྒྱུད་ཊཱིཀ་ལེའུ་བཅུ་གཉིས་པའི་བར་གྱི་བཤད་པ་ཅན་བཅས་ལ་ཞིབ་བསྡུར་ཡང་དག་ཞུས།

མཆན་ལ་མཚོན་ན། གོང་གསལ་གྱི་གཞུང་རྣམས་ཉམས་ཞིབ་ཀྱི་ཚུལ་དུ་བསྡུར་བ་ལས་གཞུང་གཅིག་གི་དཔེ་མི་འདྲ་བ་མཚུངས་བསྡུར་ཞུས་པ་མིན་སྟབས་བསྡུར་འབྲས་རེའུ་མིག་བཀོད་ཐབས་མེད་ཀྱང་། མ་དཔེའི་ནང་མངོན་གསལ་ཅན་གྱི་ཡིག་ནོར་འགའ་ཤས་ཡོད་པའང་ནག་གསུབ་ཏུ་མ་བཏང་བར་འོག་མཆན་དུ་བཏགས། མ་དཔེའི་ནང་བྱ་བྱེད་ལས་གསུམ་དང་། འདས་མ་འོངས་ཀྱི་འགྲོས་རྣམས་རྗེའི་རྒྱུད་འགྲེལ་ཆེན་མོ་དང་མཐུན་ཚབས་ཆེ་བས་ཉུང་ཤས་རྒྱུད་འགྲེལ་གཞན་དང་བསྟུན་ནས་བཅོས་མཆན་དུ་བཀོད་པ་ལས་གཞན་མ་དཔེ་ཉིད་དཀྱུས་སུ་བཀོད། གཞུང་གཅིག་གི་ནང་གོང་འོག་གི་ཚིག་ཕྲད་མི་མཐུན་པ་འགའ་ཤས་བརྡ་སྤྲོད་ཀྱི་འགྲོས་དང་བསྟུན་ཡོད། འོན་ཀྱང་ཁྱབ་མི་ཆེ་ན་ཡང་འབྲི་སྲོལ་ཡོད་པ་རྣམས་རང་སོར་བཞག་ནས་གཞུང་གོང་འོག་གི་ཚིག་ཟིན་རྣམས་མཐུན་ཐབས་གཙོར་བཟུང་ཐོག་དག་མཆན་དང་། དོགས་མཆན་གང་རུང་བཀོད་ནས་དག་ཞུས་བྱས། འབྲི་སྲོལ་གཉིས་ཡོད་རིགས་རྣམས་གཞུང་གི་གོང་འོག་ཀུན་ཏུ་གཅིག་མཐུན་དུ་ཡོད་པ་རྣམས་རང་སོར་བཞག་ཅིང་། མི་མཐུན་པའི་རིགས་རྣམས་གང་ཁྱབ་ཆེ་བ་དེའི་ཕྱོགས་སུ་མཐུན་པར་བྱས་ནས་བཀོད།

ལུང་མཆན་ནི། ཁུངས་བཅོལ་གྱི་ཡིག་ཆ་ཁག་ལ་དཔྱད་ཞིབ་གནང་བདེའི་སླད་ལུང་འདྲེན་རྣམས་བཀའ་བསྟན་གཉིས་སྡེ་དགེ་དཔར་མ་ལ་གཞི་བཅོལ། སྡེ་བཀའ། རྒྱུད་འབུམ། ཅ གསང་འདུས་རྩ་རྒྱུད། ལེའུ་བཅུ་གསུམ་པ། ཤོག་གྲངས་༡༡༣བ༤ ཞེས་དང་། སྡེ་བསྟན། དབུ་མ། ཙ མགོན་པོ་ཀླུ་སྒྲུབ། རྩ་བ་ཤེས་རབ། རབ་བྱེད་བཅུ་གསུམ་པ། ཤོག་གྲངས་༨ན༦ ཞེས་བཀའ་བསྟན་གང་ཡིན་གྱི་མཚན་དང་། གཞུང་གི་སྡེ་ཚན། པོད་ཕྲེང་གི་སྡེ་པ། བསྟན་བཅོས་ལ་མཛད་པ་པོ། གཞུང་མཚན། ལེའུའི་མཚམས། ཤོག་གྲངས། མདུན་རྟགས་(ན) རྒྱབ་རྟགས་(བ) ཐིག་ཕྲེང་གི་གྲངས་བཅས་ཁ་གསལ་དང་འབྲེལ་ལུང་ཚིག་མི་མཐུན་པ་རྣམས་རེ་རེ་བཞིན་བཀོད། དཀྱུས་སུ་ཡོད་པའི་ལུང་གི་མཚམས་གསལ་པོར་འབྱེད་པའི་ཆེད་ལུང་ཚིག་གི་ཐོག་མཐའ་གཉིས་སུ་རྟགས་“ ”འདི་དང། ལུང་ཚིག་དེའི་ནང་དུའང་ཚིག་རྐང་རེ་གཉིས་མི་མཐུན་པ་བྱུང་ཚེ་རྟགས་‘ ’འདི་གཉིས་ཀྱི་བར་དུ་བཅུག་ཡོད་པ་དཔེར་ན། ཐམས་ཅད་གསང་བའི་རྒྱུད་ལས། “སྙིང་ལ་གནས་པའི་ལྷ་མོ་ཆེ།། རྣལ་འབྱོར་པ་ཡི་རྣལ་འབྱོར་བསྐྱེད།། ‘སངས་རྒྱས་ཀུན་གྱི་ཡུམ་གྱུར་པ།།’ རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད།།” ཅེས་པའི་སྐབས་སུ་‘སངས་རྒྱས་ཀུན་གྱི་ཡུམ་གྱུར་པ།།’ ཞེས་པའི་ཚིག་རྐང་གཅིག་མི་མཐུན་པ་ལྟ་བུའོ།།

གཞན་ཡང་དཀར་ཆག་ནང་དུ་གཞུང་གི་དཀྱུས་སུ་ཡོད་པའི་རྩ་བ་དང་ཡན་ལག་གི་ས་བཅད་རྣམས་མཚམས་མ་འདྲེས་པའི་འབྱེད་མཚམས་དང་། གཞུང་དོན་གྱི་གལ་གནད་བརྗོད་པའི་སྔོན་གླེང་། དགེ་བའི་བཤེས་གཉེན་མཁས་གྲུབ་ནོར་བཟང་མཆོག་ནས་དེ་འབྲེལ་གྱི་གཞུང་གང་མང་ལ་ཞིབ་འཇུག་བགྱིས་ཏེ་མཛད་པའི་རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་རྣམ་ཐར། ཁུངས་བཅོལ་གྱི་གཞུང་བཀའ་བསྟན་གཉིས་དང་ཞིབ་འཇུག་བྱ་ཡུལ་གྱི་གཞུང་རྣམས་ཀྱི་བསྡུས་མིང་ངོ་སྤྲོད་རྣམས་ཐོག་མའི་ཟུར་རྒྱན་དུ་བསྒྲིགས། བདག་དབང་ཤོག་ངོས་ཀྱང་རྒྱལ་སྤྱིའི་དཔེ་མཛོད་ཀྱི་འགྲོ་ལུགས་དང་ཡོངས་སུ་མཐུན་པར་བྱས་ནས་བཀོད་ཡོད།

མཐའ་མའི་ལག་བསྟར་ཞུ་སྒྲིག་གི་སྐབས་སྔགས་ཡིག་ཀྱི་དོགས་གནས་གལ་ཆེ་བ་རྣམས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལ་ལམ་སྟོན་ཞུས། ལྷག་པར་གཞུང་གི་སྐོར་ནས་དཀའ་ངལ་ཆེ་ཆུང་ཇི་འཕྲད་རྣམས་ཞུ་ཆེན་པ་མཁས་གྲུབ་ནོར་བཟང་མཆོག་ལ་ལམ་སྟོན་རིམ་ཞུས་ཀྱིས་ལྷག་བསམ་དག་པས་འབད་བརྩོན་ཞུས་ཁུལ་ཡིན། འོན་ཀྱང་སློབ་སྟོན་དང་བཀའ་འདྲི་ཞུ་ཡུལ་གྱི་ཆ་ནས་མཐུན་རྐྱེན་ཚང་ངེས་ཡིན་ནའང་། སྐབས་བབ་ལས་ལ་འཇུག་པ་པོ་རྣམས་བློ་གྲོས་དང་ཉམས་མྱོང་གི་མཐུན་རྐྱེན་མ་ཚང་བའི་དབང་གིས་འགལ་འཁྲུལ་ནོར་བའི་ཆ་མཆིས་སྲིད་ན་དེ་དག་ལྷ་དང་བླ་མ། གཟུར་གནས་མཁས་པའི་སྤྱན་སྔར་དང་བས་ཀུན་ནས་བླངས་ཏེ་བཟོད་གསོལ་ཞུ།

གོང་གསལ་ཁྱད་ཆོས་གསུམ་གྱིས་ཕྱུག་པའི་བསྟན་བཅོས་འདི་ཉིད་ལམ་སྟོན་པ་དང་ཞུ་ཆེན་པ། ལག་བསྟར་ལས་བྱེད་བཅས་འབྲེལ་ཡོད་ཀུན་གྱིས་ལྷག་བསམ་དང་བ་ཁུར་ལེན་གྱིས་འབད་བརྩོན་གནང་འབྲས་དཔར་གསར་སྐྲུན་ལེགས་གྲུབ་བྱུང་བའི་དཔར་ཕུད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་ཀྱི་སྐལ་བཟང་ཤར་བའི་རྣམ་པའོ།།