རྭ་སྟོད་དགེ་བཤེས་བྱམས་པ་སྨོན་ལམ།


སྤྲོས་བཅས་སྤྲོས་མེད་སྤྱོད་པའི་སྒྱུ་མའི་མངལ།།
བྱུང་བའི་རིགས་བརྒྱ་རིགས་ལྔ་རིགས་གསུམ་དང་།།
སྣ་ཚོགས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས།།
ཤར་བའི་སྤྲོ་བསྡུ་མགོན་ལ་སྙིང་ནས་འདུད།།

སྣང་སྟོང་ཆོས་དབྱིངས་སྒྱུ་མའི་བཞིན་ལག་གར།།
ངེས་དོན་མཚན་དཔེའི་འཛུམ་སྒེག་འོད་གསལ་གཤིས།།
སྐུ་ཐུགས་དབྱེར་མེད་ངང་ཤར་དང་པོའི་མགོན།།
བདེན་གཉིས་ཟུང་འཇུག་གོ་འཕང་རྙེད་འདིར་རྒྱལ།།

རྩ་རྒྱུད་གསུང་རབ་འོ་མའི་མཚོ་ཆེན་ལ།།
ལེགས་སྲུབ་འཕྲུལ་ཤིང་མཐའ་དྲུག་ཚུལ་བཞི་ཡིས།།
བསྲུབས་ལས་བྱུང་བའི་རིམ་གཉིས་མར་གྱི་སྙིང་།།
ལེགས་པར་བསྐྲུན་མཛད་རྒྱུད་ཆེན་རྣམ་གཉིས་རྒྱལ།།
            ཞེས་ཤིས་པར་བརྗོད་པ་སྔོན་དུ་བཏང་ནས་སྐབས་བབས་གང་གླེང་བར་བྱ་བ་ནི། དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་འདིའི་དོན་འཆད་པ་ལ་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་འཆད་དགོས་ཤིང་དེའི་སྒོ་ནས་མ་འཆད་ན་རྒྱུད་དོན་རྫོགས་པར་རྟོགས་མི་ཐུབ་ཅིང་མཐའ་དྲུག་ཚུལ་བཞིའི་སྒོ་ནས་ལེགས་པར་འཆད་ཤེས་ན་རྒྱུད་དོན་བདེ་བླག་ཏུ་རྫོགས་པར་རྟོགས་པ་གསུངས་པས། མཐའ་དྲུག་ཚུལ་བཞི་སོ་སོའི་མཚན་ཉིད་དང་། རྒྱུད་སྡེ་གང་དང་གཞུང་གང་ལ་བཤད་པ་ཇི་ཙམ་འཇུག་མིན། དེ་དག་ཕན་ཚུན་འགལ་མི་འགལ་བཅས་བཤད་པ་ལ། དང་པོ་མཚན་ཉིད་ནི། རྒྱུད་ཊཱིཀ་དང་རིམ་ལྔའི་མཐའ་དཔྱོད་ལས་གསུངས་པ་ལྟར་འགོད་པ་ནི། རྡོ་རྗེའི་ཚིག་དེ་ལ་དོན་མི་མཐུན་པ་གཉིས་ཡོད་པའི་ནང་ནས་ཚིག་དེའི་དངོས་ཟིན་གྱི་དོན་སྟོན་པའི་བཤད་པ་དེ། རྡོ་རྗེའི་ཚིག་དེས་དྲང་དོན་དུ་བསྟན་པའི་མཚན་ཉིད། དཔེར་ན་རྡོ་རྗེ་འཛིན་པ་ཞེས་གསུངས་པ་རྡོ་རྗེ་རྩེ་ལྔ་པ་ཕྱག་མཚན་དུ་འཛིན་པ་ལ་བཤད་པ་ལྟ་བུའོ།། ཅིའི་ཕྱིར་དྲང་དོན་ཞེས་བྱ་ཞེ་ན་དངོས་ཟིན་གྱི་དོན་དང་མི་མཐུན་པར་དོན་གཉིས་པ་ཞིག་དྲང་དུ་ཡོད་པའི་དོན་གྱིས་ན་དྲང་དོན་ཞེས་བྱའོ།།

            རྡོ་རྗེའི་ཚིག་དེ་ལ་དོན་མི་མཐུན་པ་གཉིས་ཡོད་པའི་ནང་ནས་དངོས་ཟིན་དང་མི་མཐུན་པའི་དོན་གཉིས་པ་སྟོན་པའི་ཚིག་དེས་བཤད་པ། རྡོ་རྗེའི་ཚིག་དེའི་ངེས་དོན་དུ་བཤད་པའི་མཚན་ཉིད། དཔེར་ན་རྡོ་རྗེ་འཛིན་པ་ཞེས་པ་དེས་ཟུང་འཇུག་བསྟན་པར་བཤད་པ་ལྟ་བུའོ།། ཅིའི་ཕྱིར་ངེས་དོན་ཞེས་བྱ་ཞེ་ན། དངོས་ཟིན་གྱི་དོན་དང་མི་མཐུན་པར་དོན་གཉིས་པ་དེར་ངེས་པའི་དོན་གྱིས་ན་ངེས་དོན་ཞེས་བྱའོ།། མཆོག་གི་དངོས་གྲུབ་ཐོབ་པར་འདོད་པའི་གདུལ་བྱ་དབང་པོ་རྣོན་པོ་རྣམས་ཀྱི་ཕྱིར་དུ་འོད་ཟུང་ལ་སོགས་པ་རྒྱུད་སྡེ་འོག་མ་མན་ཆད་དང་ཐུན་མོང་མ་ཡིན་པའི་དོན་གཞན་ལ་དགོངས་ནས་སྒྲ་འགལ་བ་གཞན་གྱིས་བསྟན་པའི་བཤད་པ་དེ། རྡོ་རྗེའི་ཚིག་དེས་དགོངས་བཤད་ཀྱི་མཚན་ཉིད། དཔེར་ན་ལེའུ་བརྒྱད་པར། ན་ཆུང་གཞོན་ནུ་མིག་ཡངས་པ།། ཞེས་སོགས་ཀྱིས་ཟུང་འཇུག་བསྟན་པར་བཤད་པ་ལྟ་བུའོ།། ཅིའི་ཕྱིར་དགོངས་པས་བཤད་པ་ཞེས་བྱ་ཞེ་ན། དོན་གཞན་ལ་དགོངས་ནས་སྒྲ་འགལ་བ་གཞན་གྱིས་བསྟན་པའི་བཤད་པ་ཡིན་པའི་དོན་གྱིས་ན་དགོངས་པའི་བཤད་པ་ཞེས་བྱའོ།། གསང་ཆེན་གྱི་སྣོད་རུང་གི་དབང་པོ་དམན་པ་རྣམས་ཀྱིས་གསལ་བར་རྟོགས་ཕྱིར་འོད་ཟུང་སོགས་རྒྱུད་སྡེ་འོག་མ་མན་དང་ཐུན་མོང་མ་ཡིན་པའི་དོན་གཞན་ལ་དགོངས་ནས་བཤད་པ་མིན་པར་དོན་དེ་སྒྲ་དྲང་ཐད་དུ་བཤད་པའི་རྡོ་རྗེའི་ཚིག་དེས་བཤད་པ་དེ། རྡོ་རྗེའི་ཚིག་དེས་དགོངས་མིན་གྱི་བཤད་པའི་མཚན་ཉིད། དཔེར་ན་ལེའུ་གཉིས་པར། བདག་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པའི་ཚིག་གིས་དོན་གྱི་འོད་གསལ་བསྟན་པར་བཤད་པ་ལྟ་བུའོ།། ཅིའི་ཕྱིར་དགོངས་པ་མིན་པས་བཤད་པ་ཞེས་བྱ་ཞེ་ན། དོན་གཞན་ལ་དགོངས་ནས་སྒྲ་འགལ་བ་གཞན་གྱིས་བསྟན་པ་མིན་པར་དོན་དེ་གསལ་པོར་སྟོན་པའི་བཤད་པ་ཡིན་པས་ན། དགོངས་པ་མིན་པས་བཤད་པ་ཞེས་བྱའོ།། དཀྱིལ་འཁོར་ཐིག་ཚོན་གྱིས་བྲི་བ། ལྷ་ལ་ཉེར་སྤྱོད་ཀྱིས་མཆོད་པ། གཏོར་མའི་ཆོ་ག །སྨན་སྦྱོར། ཞི་སོགས་ཀྱི་ལས། དངོས་གྲུབ་བརྒྱད་སོགས་གང་རུང་གསལ་པོར་སྟོན་པའི་རྡོ་རྗེའི་ཚིག་དེས་བཤད་པ་དེ། རྡོ་རྗེའི་ཚིག་དེས་སྒྲ་ཇི་བཞིན་པའི་བཤད་པའི་མཚན་ཉིད། དཔེར་ན་བླ་མེད་དང་རྒྱུད་སྡེ་འོག་མར་དཀྱིལ་འཁོར་ཐིག་ཚོན་གྱིས་བྲི་ཚུལ་གསལ་བར་བཤད་པ་ལྟ་བུའོ།།

            དོན་དེ་ལ་མིང་དེ་དངོས་སུ་འཇུག་པ་འཇིག་རྟེན་པ་དང་། སྒྲ་པ་རྣམས་ཀྱི་སྒྲའི་བསྟན་བཅོས་ཀྱི་བརྡ་ལ་མེད་ཅིང་། དོན་དེ་ལ་མིང་དེ་དངོས་སུ་འཇུག་པར་དེ་བཞིན་གཤེགས་པ་འབའ་ཞིག་བརྡ་མཛད་པར་གྱུར་པའི་རྡོ་རྗེའི་ཚིག་དེས་བཤད་པ། རྡོ་རྗེའི་ཚིག་དེས་སྒྲ་ཇི་བཞིན་པར་མིན་པར་བཤད་པའི་མཚན་ཉིད། དཔེར་ན་ཀོ་ཊ་ཁྱ། ཞེས་པའི་སྒྲ་བཅུ་པོ་དེ་སྤྱོད་རྒྱུད་ལས་ཕྱག་ན་རྡོ་རྗེའི་མཚན་གྱི་རྣམ་གྲངས་སུ་བསྟན་པ་ལྟ་བུའོ།། ནང་རིག་པའི་སྡེ་སྣོད་ལས་ཕྱི་རོལ་ཏུ་གྱུར་པའི་སྒྲའི་བསྟན་བཅོས་ལ་མཁས་པ་ཡིས། སྒྲའི་གཞུང་ཙམ་ལ་ནི་རབ་ཏུ་གཞོལ་བའི་སྒོ་ནས་སྒྲ་དེ་ཡི་བཀོད་པས་ཏེ། དོན་དེ་ལ་མིང་དེ་དངོས་སུ་འཇུག་པར་སྒྲ་པ་རྣམས་ཀྱི་སྒྲའི་གཞུང་ཙམ་ལ་བརྟེན་ནས་ཐོན་པར་ནུས་པའི་རྡོ་རྗེའི་ཚིག་དེས་བཤད་པ་དེ། རྡོ་རྗེའི་ཚིག་དེས་ཡིག་དོན་དུ་བཤད་པའི་མཚན་ཉིད། དཔེར་ན། དངོས་པོ་མེད་པས་སྒོམ་པ་མེད།། ཅེས་པས་སྣོད་བཅུད་མཐའ་བཞི་དང་བྲལ་བར་བསྟན་པ་ལྟ་བུའོ།། བསྐྱེད་རིམ་པ་མན་ཆད་གང་རུང་དང་ཉམས་སུ་བླང་བྱ་ཐུན་མོང་བའི་དོན་སྟོན་པའི་རྡོ་རྗེའི་ཚིག་དེས་བཤད་པ་དེ། རྡོ་རྗེའི་ཚིག་དེས་སྤྱི་དོན་དུ་བཤད་པའི་མཚན་ཉིད། དེ་ལ་དབྱེ་ན། བསྐྱེད་རིམ་པ་དང་ཐུན་མོང་བའི་སྤྱི་དོན་གྱི་བཤད་པ་དང་། རྒྱུད་སྡེ་འོག་མ་མན་ཆད་དང་ཐུན་མོང་བའི་བཤད་པ་གཉིས་ཡོད། རྡོ་རྗེའི་ཚིག་དེ་ལ་དོན་མི་མཐུན་པ་བཞི་ཡོད་པའི་ནང་ནས་སྦས་དོན་གསུམ་པོ་གང་རུང་གི་དོན་སྟོན་པའི་རྡོ་རྗེའི་ཚིག་དེས་བཤད་པ་དེ། རྡོ་རྗེའི་ཚིག་དེས་སྦས་དོན་དུ་བཤད་པའི་མཚན་ཉིད། དཔེར་ན། དངོས་པོ་མེད་པས་སྒོམ་པ་མེད།། ཅེས་པས་སེམས་དབེན་དང་སྒྱུ་ལུས་བསྟན་པར་བཤད་པ་ལྟ་བུའོ།། ཅིའི་ཕྱིར་སྦས་དོན་ཞེས་བྱ་ཞེ་ན། ཕྱི་ན་མི་མངོན་ཞིང་ནང་ན་སྙིང་པོ་ཡོད་པའི་ཚུལ་གྱིས་བསྟན་པའི་དོན་གྱིས་ན་སྦས་དོན་ཞེས་བྱའོ།།

            རྡོ་རྗེའི་ཚིག་དེ་ལ་དོན་མི་མཐུན་པ་བཞི་ཡོད་པའི་ནང་ནས་མཐར་ཐུག་གཉིས་པོ་གང་རུང་གི་དོན་སྟོན་པའི་རྡོ་རྗེའི་ཚིག་དེས་བཤད་པ་དེ། རྡོ་རྗེའི་ཚིག་དེས་མཐར་ཐུག་གི་བཤད་པའི་མཚན་ཉིད། དཔེར་ན། དངོས་པོ་མེད་པས་སྒོམ་པ་མེད།། ཅེས་སོགས་ཀྱིས་འོད་གསལ་དང་ཟུང་འཇུག་བསྟན་པ་ལྟ་བུའོ།། ཅིའི་ཕྱིར་མཐར་ཐུག་ཅེས་བྱ་ཞེ་ན། རགས་པ་ཉེར་ལྔ་རིམ་གྱིས་ཐིམ་པའི་མཐའ་ནི་སྣང་མཆེད་ཐོབ་གསུམ་ཡིན་ལ། དེ་གསུམ་རིམ་གྱིས་ཐིམ་པའི་མཐའ་ནི་འོད་གསལ་དང་ཟུང་འཇུག་ཡིན་པས་ན་མཐར་ཐུག་ཅེས་བྱའོ།། གཉིས་པ། རྒྱུད་སྡེ་གང་དང་གཞུང་གང་ལ་མཐའ་དྲུག་ཚུལ་བཞིའི་བཤད་པ་གང་དང་གང་འཇུག་པ་ཡོད་ཅེ་ན། རྒྱུད་སྡེ་འོག་མ་གསུམ་མན་ཆད་ལ་མཐའ་དྲུག་ཚུལ་བཞིའི་ཡ་གྱལ་དུ་གྱུར་པའི་དྲང་ངེས་གཉིས་དང་དགོངས་དགོངས་མིན་གྱི་བཤད་པ་གང་ཡང་འཇུག་པར་མེད་དེ། དྲང་ངེས་ཀྱིས་བཤད་པའི་དོན་ལམ་རིམ་པ་གཉིས་ལ་སོགས་པ་དང་། དགོངས་དགོངས་མིན་གྱིས་བཤད་པའི་དོན་གྱི་གཙོ་བོ་འོད་ཟུང་གཉིས་ལ་སོགས་པ་སྟོན་པ་མེད་པའི་ཕྱིར་ཏེ། ཊཱིཀྐ་ལས་རྒྱུད་སྡེ་འོག་མ་གསུམ་མན་ཆད་ལ་དྲང་ངེས་ཀྱི་བཤད་པ་འཇུག་པ་ཡོད་ཀྱང་། མཐའ་དྲུག་གི་ཡ་གྱལ་དུ་གྱུར་པའི་དྲང་ངེས་ཀྱི་བཤད་པ་འཇུག་པ་མེད་དེ། དེ་ལ་འདིའི་དྲང་ངེས་ཀྱིས་བཤད་པའི་དོན་ལམ་རིམ་པ་གཉིས་ལ་སོགས་པ་སྟོན་པ་མེད་པའི་ཕྱིར། ཞེས་དང་། རྒྱུད་སྡེ་འོག་མ་གསུམ་མན་ཆད་ལ་དགོངས་དགོངས་མིན་གྱི་བཤད་པ་འཇུག་པ་ཡོད་ཀྱང་། མཐའ་དྲུག་གི་ཡ་གྱལ་དུ་གྱུར་པའི་དགོངས་དགོངས་མིན་གྱི་བཤད་པ་འཇུག་པ་མེད་དེ། དེ་མན་ཆད་ལ་འདིའི་དགོངས་དགོངས་མིན་གྱིས་བཤད་པའི་དོན་གྱི་གཙོ་བོ་འོད་ཟུང་གཉིས་མེད་པའམ། དེ་མ་ཡིན་པའི་དགོངས་དགོངས་མིན་གྱི་དོན་གཞན་ཡང་སྟོན་པ་མེད་པས་སོ།།
            ཞེས་གསུངས་པའི་ཕྱིར། ཕར་ཕྱིན་ཐེག་པ་ལ་མཐའ་དྲུག་གི་ཡ་གྱལ་དུ་གྱུར་པའི་སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པའི་བཤད་པར་འཇུག་པ་མེད་ཀྱང་། རྒྱུད་སྡེ་འོག་མ་གསུམ་མན་ཆད་ལ་མཐའ་དྲུག་གི་ཡ་གྱལ་དུ་གྱུར་པའི་སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པའི་བཤད་པར་འཇུག་པ་ཡོད་དེ། རྒྱུད་སྡེ་འོག་མ་གསུམ་ལ་སྒྲ་ཇི་བཞིན་པའི་བཤད་པའི་དོན་དཀྱིལ་འཁོར་ཐིག་ཚོན་གྱིས་བྲི་བ་སོགས་དང་། སྒྲ་ཇི་བཞིན་པ་མ་ཡིན་པའི་བཤད་པའི་དོན། ཀོ་ཊཱ་ཁྱ་ལ་སོགས་པའི་སྒྲ་བཅུ་པོ་དེ། ཕྱག་ན་རྡོ་རྗེའི་མཚན་གྱི་རྣམ་གྲངས་ལ་གསུངས་པའི་ཕྱིར་ཏེ། ཊཱིཀྐ་ལས། རྒྱུད་སྡེ་འོག་མ་གསུམ་ལ་མཐའ་དྲུག་གི་ཡ་གྱལ་དུ་གྱུར་པའི་སྒྲ་ཇི་བཞིན་པའི་བཤད་པ་འཇུག་པ་ཡོད་དེ། རྒྱུད་སྡེ་འོག་མ་གསུམ་གྱི་རྟོག་པར་དཀྱིལ་འཁོར་ཐིག་ཚོན་གྱིས་བྲི་བ་གསུངས་ཤིང་། དེ་སྒྲ་ཇི་བཞིན་པའི་བཤད་པར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་གསུངས་པའི་ཕྱིར་རོ་ཞེས་དང་། རྒྱུད་སྡེ་འོག་མ་གསུམ་མན་ཆད་ལ་མཐའ་དྲུག་གི་ཡ་གྱལ་དུ་གྱུར་པའི་སྒྲ་ཇི་བཞིན་པ་མིན་པའི་བཤད་པ་འཇུག་པ་ཡོད་དེ། ཀོ་ཊཱ་ཁྱ་ལ་སོགས་པའི་སྒྲ་བཅུ་པོ་དེ། ཕྱག་ན་རྡོ་རྗེའི་མཚན་གྱི་རྣམ་གྲངས་ལ་འཇུག་པར་ངན་སོང་སྦྱོང་རྒྱུད་ལས་གསུངས་ཤིང་། དེ་སྒྲ་ཇི་བཞིན་པ་མིན་པའི་བཤད་པ་ཡིན་པའི་ཕྱིར་རོ།། ཞེས་གསུངས་པའི་ཕྱིར། རྒྱུད་སྡེ་འོག་མ་གསུམ་མན་ཆད་ལ་ཚུལ་བཞིའི་ནང་ནས་ཀྱང་ཡིག་སྤྱི་གཉིས་ཀྱིས་བཤད་པའི་དོན་དང་ཉམས་སུ་བླང་བྱ་ཐུན་མོང་བ་ཡོད་ཀྱང་། སྦས་མཐའ་གཉིས་ཀྱི་བཤད་པ་འཇུག་པ་མེད་དེ། དེ་མན་ཆད་འདིར་བཤད་པའི་སྦས་པ་གསུམ་དང་མཐར་ཐུག་གཉིས་གང་ཡང་སྟོན་པ་མེད་པའི་ཕྱིར་རོ།།

            འོ་ན་གཞུང་གཅིག་ལ་བཤད་པ་མང་བ་ལ་དུ་འཇུག་པ་ཡོད་ཅེ་ན་བདུན་ཙམ་འཇུག་པ་ཡོད་ཀྱང་བདུན་ལས་མང་བ་འཇུག་པ་མེད་པ་སེམས་ཏེ། ཊཱིཀྐ་ལས། འོ་ན་གཞུང་གཅིག་ལ་བཤད་པ་མང་བ་ལ་དུ་འཇུག་པ་ཡོད་ཅེ་ན། ཁ་ཅིག་བཅུ་བཞི་འཇུག་པ་ཡོད་ཅེས་འཆད་མོད་ཀྱང་། རང་གི་ལུགས་ལ་གཞུང་གཅིག་ལ་བཤད་པ་མང་བ་ལ་བདུན་འཇུག་པ་ཡོད་དེ། དཔེར་ན་ལེའུ་གསུམ་པར། རིན་ཆེན་ཆེན་པོ་ཁ་དོག་ལྔ།། ཞེས་སོགས་ཀྱི་གཞུང་འདི་སྒྲོན་གསལ་གྱིས་ཚུལ་བཞིར་བཤད་པ་དང་། སྤྱོད་བསྡུས་ཀྱིས་དྲང་ངེས་སུ་བཤད་པ་དང་། རིམ་ལྔ་ལས་དགོངས་བཤད་དུ་གསུངས་པ་ལྟ་བུའོ།། ཞེས་གསུངས་པས་མང་མཐར་ངོས་འཛིན་པ་ཡིན་ནམ་སྙམ་མོ།།
           གསུམ་པ་འགལ་མི་འགལ་དཔྱད་པ་ནི། འོ་ན་གཞུང་གཅིག་ལ་བཤད་པ་དེ་དག་འཇུག་པ་འགལ་མིན་ཇི་ལྟར་ཡིན་ཞེ་ན། གཞུང་གཅིག་ལ་དགོངས་དགོངས་མིན་གྱིས་བཤད་པར་འཇུག་པ་འགལ་ཞིང་སྒྲ་ཇི་བཞིན་པ་ཡིན་མིན་གཉིས་ཀྱང་གཞུང་གཅིག་ལ་འཇུག་པ་འགལ་བའི་ཕྱིར་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་ཊཱིཀྐ་ལས། དགོངས་དགོངས་མིན་དང་། སྒྲ་ཇི་བཞིན་པ་ཡིན་མིན་གཉིས་གཞི་གཅིག་ལ་འདུ་བ་འགལ་བའི་ཕྱིར་རོ།། ཞེས་གསུངས་པ་དང་། རྗེ་ཤེས་རབ་སེང་གེའི་ཊཱིཀྐ་ལས་ཀྱང་། གཞུང་གཅིག་ལ་དགོངས་དགོངས་མིན་གྱི་བཤད་པ་གཉིས་ཀ་འཇུག་པ་མི་རིགས་པའི་ཕྱིར་དང་། གཞུང་གཅིག་ལ་སྒྲ་ཇི་བཞིན་པ་ཡིན་མིན་གཉིས་ཀའི་བཤད་པ་འཇུག་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འོན་ཀྱང་ཊཱིཀྐའི་གསུངས་ཟིན་ལ་གཞུང་གཅིག་ལ་བཤད་པ་བདུན་ལས་འཇུག་པ་མེད་པ་ལྟ་བུར་གསུངས་ཀྱང་། ཞིབ་ཏུ་དཔྱད་ན་ཡོད་པར་སེམས་ཏེ་དགོངས་པའི་བཤད་པ་ལ་སྒྲ་ཇི་བཞིན་པ་མ་ཡིན་པའི་བཤད་པ་འཇུག་པའི་ཁྱབ་པའི་ཕྱིར་ཏེ། འོད་གསལ་དང་ཟུང་འཇུག་སོགས་ལ་དོན་གཞན་ལ་དགོངས་ནས་སྒྲ་འགལ་བར་གཞན་གྱིས་སྟོན་པའི་རྡོ་རྗེའི་ཚིག་དེས་བཤད་པ་ཡིན་ན། འཇིག་རྟེན་པ་དང་སྒྲ་པ་རྣམས་ཀྱི་སྒྲའི་བསྟན་བཅོས་ཀྱི་བརྡ་ལ་མེད་ཅིང་དེ་བཞིན་གཤེགས་པ་འབའ་ཞིག་གིས་བརྡ་མཛད་པར་གྱུར་པའི་རྡོ་རྗེའི་ཚིག་དེས་བཤད་པ་ཡིན་པས་ཁྱབ་པའི་ཕྱིར་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་ཊཱིཀྐ་ལས། འཇིག་རྟེན་པ་དང་སྒྲའི་བསྟན་བཅོས་ལ་མིང་དེ་དོན་དེ་ལ་འཇུག་པ་མེད་ཀྱང་དེ་བཞིན་གཤེགས་པས་མིང་དེ་དོན་དེ་ལ་གློ་བུར་དུ་བརྡ་མཛད་ནས་བཞག་པའི་ཀོ་ཊཱ་ཁྱ་ལ་སོགས་པ་རྣམས་ནི་སྒྲ་ཇི་བཞིན་པ་མ་ཡིན་པའོ།།

            འདི་དང་དགོངས་བཤད་གཉིས་མི་འགལ་ལོ།། ཞེས་དང་། རིམ་ལྔའི་མཐའ་དཔྱོད་ལས། དགོངས་མིན་གྱི་བཤད་པ་ཡིན་ན་སྒྲ་ཇི་བཞིན་པའི་བཤད་པ་ཡིན་པས་ཁྱབ་པ་དང་། དགོངས་བཤད་ལ་སྒྲ་ཇི་བཞིན་པ་མ་ཡིན་པའི་བཤད་པས་ཁྱབ་བམ་མ་ཁྱབ་ཅེ་ན། ཁོ་བོ་ནི་ཁྱབ་ཅེས་སྨྲ་སྟེ། ཞེས་གསུངས་པའི་ཕྱིར། གཞན་ཡང་དགོངས་དགོངས་མིན་གྱི་བཤད་པ་གཉིས་གཞུང་གཅིག་ལ་འདུ་བར་འགལ་བ་ཐལ། གོང་གི་ལུང་རིགས་དེའི་ཕྱིར། འདོད་ན། དགོངས་བཤད་ལ་སྒྲ་དྲང་ཐད་དུ་གསལ་བར་སྟོན་པ་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་གསུངས་པ་དེ་གཙོ་བོ་དང་ཤས་ཆེ་བ་ལ་དགོངས་པའི་ཕྱིར་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་རྣམ་བཤད་ལས། དགོངས་པའི་བཤད་པ་མཛད་པ་རྣམས་ལའང་སྒྲ་འགལ་བ་ཤས་ཆེ་བ་དང་། གཙོ་བོ་ཡིན་པས་དེ་ལྟར་བཤད་ཀྱི་གཞུང་དེ་ལ་སྒྲ་དྲང་ཐད་དུ་གསལ་བར་སྟོན་པ་མེད་པ་ནི་མིན་ནོ།། རིགས་པ་འདི་དགོངས་མིན་ལ་ཡང་ཤེས་པ་བྱ་སྟེ། སྒྲོན་གསལ་ཞིབ་ཏུ་བལྟས་པ་ལས་ཤེས་པར་བྱའོ།། ཞེས་གསུངས་པའི་ཕྱིར། རིན་ཆེན་ཆེན་པོ་ཁ་དོག་ལྔ།། ཞེས་པའི་གཞུང་འདི་ལ་ཚུལ་བཞིའི་བཤད་པ་དང་། དགོངས་པའི་བཤད་པ་འཇུག་པ་གསུངས་པ་ལ་འདི་ལྟར་དོགས་ཏེ། དོན་དེ་ལ་མིང་དེ་དངོས་སུ་འཇུག་པ་སྒྲ་པ་རྣམས་ཀྱི་སྒྲའི་གཞུང་ཙམ་ལ་བརྟེན་ནས་ཐོན་པར་ནུས་པའི་རྡོ་རྗེའི་ཚིག་དེས་བཤད་པ་དེ་འཇུག་པ་ཐལ། ཡིག་དོན་གྱི་བཤད་པར་འཇུག་པའི་ཕྱིར། ཁྱབ་སྟེ། གསལ་བ་དེ། ཡིག་དོན་དུ་བཤད་པའི་མཚན་ཉིད་ཡིན་པའི་ཕྱིར། ཡང་རྩ་བ་ལ་སྒྲ་ཇི་བཞིན་པའི་བཤད་པ་འཇུག་པ་ཐལ། དགོངས་པའི་བཤད་པ་འཇུག་པའི་ཕྱིར། ཁྱབ་སྟེ། དགོངས་བཤད་ལ་སྒྲ་ཇི་བཞིན་པ་མིན་པའི་ཁྱབ་པ་རིམ་ལྔའི་མཐའ་དཔྱོད་ལས་གསུངས་པ་ལྟར་ཡིན་པའི་ཕྱིར། རྩ་བར་འདོད་ན། དོན་དེ་ལ་མིང་དེ་དངོས་སུ་འཇུག་པ་འཇིག་རྟེན་པ་དང་སྒྲའི་བསྟན་བཅོས་ཀྱི་བརྡ་ལ་མེད་ཀྱང་དོན་དེ་ལ་མིང་དེ་འཇུག་པ་དེ་བཞིན་གཤེགས་པ་འབའ་ཞིག་གིས་བརྡ་མཛད་པར་གྱུར་པའི་བཤད་པ་འཇུག་པ་ཐལ། རྩ་བར་འདོད་པ་དེའི་ཕྱིར། ཁྱབ་སྟེ། དེ་སྒྲ་ཇི་བཞིན་མ་ཡིན་པའི་བཤད་པའི་དོན་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་པ་ནི། དོན་དེ་ལ་མིང་དེ་དངོས་སུ་འཇུག་པ་འཇིག་རྟེན་པ་དང་སྒྲ་པ་རྣམས་ཀྱི་སྒྲའི་གཞུང་ཙམ་ལ་བརྟེན་ནས་ཐོན་པར་ནུས་པའི་རྡོ་རྗེའི་ཚིག་གིས་བཤད་པ་དང་། དོན་དེ་ལ་མིང་དེ་དངོས་སུ་འཇུག་པ་འཇིག་རྟེན་པ་དང་སྒྲའི་བསྟན་བཅོས་ཀྱི་བརྡ་ལ་མེད་ཀྱང་དོན་དེ་ལ་མིང་དེ་འཇུག་པར་དེ་བཞིན་གཤེགས་པ་འབའ་ཞིག་གིས་བརྡ་མཛད་པར་གྱུར་པའི་བཤད་པ་གཉིས་འགལ་བའི་ཕྱིར་སྙམ་སྟེ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་བྱའོ།། མཐའ་དྲུག་ཚུལ་བཞིའི་དོན་ལ་དོགས་སློང་རགས་པ་ཙམ་ཞིག་ཐལ་ལོ།།

མཐའ་དྲུག་ཚུལ་བཞིའི་བཤད་པ་ཟབ་ཅིང་ཕྲ།།
བདག་བློ་བྱིས་པས་དཔྱད་ནུས་བྲལ་ན་ཡང་།།
བཤེས་གཉེན་དམ་པའི་བཀའ་དྲིན་ཁོ་ན་ལས།།
གཞུང་དོན་གྲངས་འདྲེན་ཙམ་ཞིག་འདི་ན་མཆིས།།