༄༅།། དེ་ཡང་ཇི་སྐད་དུ། གནམ་ལ་ཉི་ཟླ་གཉིས། ས་ལ་རྒྱུད་གྲྭ་སྟོད་སྨད། ཅེས་མཚན་སྙན་གྱི་བ་དན་དཀར་པོ་བོད་གངས་ཅན་ཆོས་ལྡན་གྱི་ཞིང་ཁམས་ཙམ་མ་ཟད། ས་སྒང་གོ་ལའི་ཁྱོན་དུ་ཡོངས་སུ་གྲགས་པ། ཕྱི་སོ་སོར་ཐར་པ་འདུལ་བའི་ཁྲིམས་ཀྱིས་མཛེས་ཤིང་། ནང་གསང་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་གཞོལ་བའི་རིག་འཛིན་འདུས་སྡེ་རྣམ་གཉིས་ཀྱི་ཡ་གྱལ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ཐོག་མར་ཕྱག་འདེབས་པ་པོ། གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་རྡོ་རྗེ་འཆང་༸རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་ནས་ཉེ་བར་བཟུང་སྟེ་ད་ལྟའི་བར་བརྒྱུད་པ་བར་མ་ཆད་པར་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་གསུམ་ལྡན་རྡོ་རྗེ་འཛིན་པ་ཤ་སྟག་གི་མཁན་རབས་བརྒྱ་དང་ཉེར་བདུན་བྱོན་པ་དང་། དེ་དག་ཀྱང་མཁན་བརྒྱུད་གསོལ་འདེབས་ལས། རྒྱལ་བའི་གསུང་རབ་ཀུན་གྱི་མཐར་ཐུག་པ།། འཇིག་རྟེན་གསུམ་གྱི་རིན་ཆེན་སྐྱེས་བུ་ཞེས།། ཡོངས་སུ་གྲགས་པའི་ལམ་བཟང་གསལ་མཛད་པ།། བརྒྱུད་འཛིན་རིམ་པར་བྱོན་ལ་གསོལ་བ་འདེབས།། ཞེས་གསུངས་པ་ལྟར། རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་སླར་བྱོན་པ་དང་སྒོ་ཀུན་ནས་མཚུངས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་མཆོག་དང་། རྒྱུད་ཆེན་ཀུན་དགའ་དོན་གྲུབ་སོགས་རྒྱུད་ཆེན་གོང་མ་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་རྒྱལ་བའི་གསུང་རབ་ཀུན་གྱི་མཐར་ཐུག་པ་ཕ་མའི་རྒྱུད་ཀྱི་འཆད་ཉན་བཟང་པོ་དག་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཀྱིས་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཐད་མཛད་རྗེས་རྨད་དུ་བྱུང་བའི་སྐྱེས་བུ་དམ་པ་ཤ་སྟག་ཕེབས་པ་ཡིན་ནོ།། དེ་ཡང་ཡུལ་དུས་གནས་སྐབས་དང་ཆ་རྐྱེན་འཛོམས་མིན་གྱིས་ཁོང་རྣམ་པའི་སྐུ་པར་འདྲ་བརྙན་ཆ་ཚང་མ་ཐོབ་ཀྱང་། གང་ལག་སོན་བྱུང་བ་དག་བཀའ་དྲིན་རྗེས་དྲན་གྱི་ཚུལ་གྱིས་གཅེས་ཉར་དང་། རྣམ་གྲོལ་དོན་དུ་གཉེར་བའི་དད་ལྡན་དག་ལའང་ཐར་པའི་ས་བོན་སྤེལ་བའི་ཕྱིར་དུ་སྤྱན་འབུལ་བསྟར་བར་བྱའོ།།